[A:༢༡༣བ]བརྒྱུད་དོ། །ཞེས་པ་ལྟར་རོ། །གཉིས་པ་དེའི་དོན་ཅུང་ཟད་ཕྱེ་བ་ནི། བདག་ཆེན་ཤཱཀྱ་སེང་གེའི་བཙུན་མོ་དང་པོ་ལ་སྲས་སྐུ་མཆེད་གསུམ་འཁྲུངས་པའི་བར་པ་ཀུན་དགའ་རྒྱལ་མཚན་གྱིས་གླིང་དཔོན་ཆེན་གྱི་སྲས་མོ་དཀར་མོའི་མཚན་དང་ལྡན་པ་ཁབ་ཏུ་བཞེས་པ་ལ་སྲས་སྐུ་མཆེད་གཉིས་འཁྲུངས་པའི་གཅེན་བདག་ཆེན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ནི། སྐྱེས་སྟོབས་ཀྱི་ཤེས་རབ་ཕུན་སུམ་ཚོགས་ཤིང་། དམ་པའི་སྤྱོད་པ་དང་ལྡན་པ་ཞིག་བྱུང་ཡང་། དགུང་ལོ་ཉེར་ལྔ་བཞེས་པའི་ཚེ་ཞི་བར་གཤེགས། དེའི་གཅུང་འཇམ་པའི་དབྱངས་ཀུན་དགའ་བློ་གྲོས་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་ནི་གཞོན་ནུ་ཉིད་ནས་རབ་ཏུ་བྱུང་ཞིང་། ཀུ་ས་ལའི་བརྟུལ་ཞུགས་ལ་གནས་ནས་གུ་རུ་དྲག་པོ་ལ་སོགས་ཡི་དམ་གྱི་ལྷ་དུ་མ་ལ་གྲངས་དང་མཚན་མའི་བསྙེན་པ་མཐར་ཕྱིན་པར་མཛད་ཅིང་། བྱམས་དང་སྙིང་རྗེའི་མངའ་བདག་གཙང་སྦྲ་ཤིན་ཏུ་ཆེ་བ་རྒྱུན་དུ་ཐུགས་དམ་འབའ་ཞིག་ལ་བཞུགས་ནས། མདོ་ཁམས་ཕྱོགས་ཀྱི་རྗེ་བཙུན་ས་སྐྱ་པའི་བསྟན་པའི་གསལ་བྱེད་དམ་པ་ཞིག་བྱུང་བར་གྲགས་ཤིང་། ཁྱད་པར་བདག་ཆེན་དེས་རང་གི་རྒྱལ་ཚབ་དམ་པར་རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་རིན་པོ་ཆེ་ཞིག་ཕེབས་ན་ཁམས་ཕྱོགས་ཀྱི་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་ལ་ཕན་སླེབས་རྒྱ་ཆེན་པོ་ཞིག་འབྱུང་བ་འདུག་སྙམ་དུ་དགོངས་ནས། བསྟན་པའི་ཉི་མ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་ཞུ་ཡིག་རྒྱས་པ་འབུལ་བ་རྒྱ་ཆེན་པོ་དང་བཅས་ཏེ་སྐུ་ཚབ་མི་སྣ་ཆེར་གཏད་གནང་སྟེ། དེ་ལྟར་གནང་བའི་ཞུ་དོན་གྱི་སྙིང་པོ་