[A:༢༩༦ན]གཞག་མཛད་པར་བཞེད་དེ། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏའི་སྡོམ་རིགས་གཉིས་དང་། ཚད་མ་ཀུན་བཏུས་ལ་སོགས་པ་ཕྱོགས་གླང་གིས་མཛད་པ་རྣམས་དང་། རིག་པའི་གཙུག་རྒྱན་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་རྣམ་ངེས་རྣམས་ཏེ་སྡེ་བདུན་སོགས་གཞུང་ལུགས་ཆེན་པོ་བདུན་ཅུ་རྩ་བདུན་ཙམ་ཞིག་ལ་བཤད་པའི་དགའ་སྟོན་དང་། སྦྱོར་བཀོད་སོགས་ཀྱིས་བསྟན་པའི་རྣམ་གཞག་ངོ་མཚར་ཕུན་སུམ་ཚོགས་པ་མཛད། དེ་ལྟར་རྗེ་བཙུན་ལུང་གི་ཆོས་ཀྱི་རྒྱ་མཚོ་ཆེན་པོ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་མཚར་བའི་མཛད་པ་རྣམས་ལ་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་ཡང་ཐུགས་རངས་པར་གྱུར་ཏེ། རྒྱན་མཆོག་འདི་མ་འོངས་པའི་དུས་སུ་དཔལ་ས་སྐྱའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པ་གོང་འཕེལ་དུ་བྱས་ནས། ས་སྐྱ་པའི་བསྟན་པའི་སྲོག་ཤིང་ལྟ་བུར་གྱུར་པ་ཞིག་འབྱུང་ཞེས་བསྟོད་བཀུར་བསྔགས་གསུམ་དུ་མ་མཛད་པ་ལྟར་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་ཡིན་ཏེ། དེ་ཡང་བདག་ཉིད་ཆེན་པོ་འདི་དགུང་ལོ་ཉེར་བདུན་དུ་ཕེབས་པ་ནས་བཟུང་། ལྔ་བཅུ་རྩ་ལྔ་བཞེས་ཀྱི་བར་ལ་གདན་ས་ཆེན་པོའི་བསྟན་པའི་ཁུར་མཐའ་དག་བཞེས་པར་མཛད་དེ། དབྱར་ཆོས། དགུན་ཆོས། དུས་རིམ་ཆེ་ཆུང་། དཀྱིལ་འཁོར་སྒྲུབ་མཆོད་སོ་སོ་སོགས་དེ་ཐམས་ཅད་ཡར་ལྡན་དུ་མཛད་པའི་རིང་ནས་གཙུག་ལག་ཁང་གསར་བཞེངས་མཛད་པ་ཡང་། རྫོང་ཆུང་བླ་བྲང་། སྒྲོལ་མ་ལྷ་ཁང་། མགོན་ཁང་ནུབ། རྗེ་བཙུན་གྱི་སྐུ་འདྲ་མཛེ་ཐོད་མ་བཞུགས་པའི་ཟུར་ཁང་གཙུག་ལག་ཁང་། ཕྲུ་མའི་ལྷ་ཁང་། གཞི་ཐོག་བླ་བྲང་གི་རིགས་འཛིན་ལྷ་ཁང་། དབུ་རྩེའི་འཇམ་དབྱངས་གཟི་འོད་