R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༩༥བ
[A:༢༩༥བ]སྣང་ངོ་ཞེས་དུས་མཚུངས་པའི་གང་ཟག་ཐམས་ཅད་རྗེ་ཉིད་ཀྱི་སྙན་གྲགས་བརྗོད་པས་དུས་རྟག་ཏུ་བྲེལ་བར་གྱུར་ཅིང་། དེ་དེའི་སྐབས་ནས་རྗེ་བཙུན་ཡབ་ཀྱི་ཆག་ཕྱིར་བཀྲིས་ཏེ་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་གཉིས། བདེ་ཀྱེ་གསང་གསུམ། ཡོ་ག་བྱ་སྤྱོད་དང་བཅས་པ། ཆོས་སྐྱོང་ཆེ་ཆུང་སོགས་ཀྱིས་བསྡུས་པའི་དབང་ཁྲིད་ལུང་མན་ངག་རྒྱུད་དང་གཞུང་ཕྲན་མཐའ་དག་སོགས་ལ་སྦྱངས་པ་མཐར་ཕྱིན་པ་མཛད་ཅིང་། ཐ་ན་དེ་དག་གི་ཆོ་གའི་ཆ་ལག་ཕྲ་མོ་བྲིས་ཐིག་དབྱངས་གསུམ་ཚུན་ཆད་ལ་ཡང་རྗེ་འདི་ཉིད་ལས་བྱང་ཆུབ་པ་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་ཞལ་སློབ་ཀྱི་ཁྲོད་དུ་གཞན་མ་བྱུང་བར་སྣང་ཞིང་། དེ་ནས་རྗེ་ཉིད་དགུང་ལོ་བརྒྱད་དུ་ཕེབས་པ་ན། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ཆེན་པོའི་ཆོས་ཀྱི་ཁྲི་ག་ལ་བ་དེར་རྗེ་བཙུན་གཅེན་དང་ལྷན་ཅིག་ཏུ་ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་བསྟན་པའི་བདག་པོ་ཆེན་པོར་མངའ་གསོལ་ཏེ། དུས་དེ་ཙམ་ནས་བཟུང་སྟེ་དཔལ་ས་སྐྱའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པས་ཐོག་དྲངས། སྤྱི་དང་བྱེ་བྲག་གི་བསྟན་པ་ཉིན་མོ་ལྟར་གསལ་བར་གྱུར་པའི་དབུ་ཚུགས་པ་ཡིན་ལ། དེ་ལྟ་བུའི་སྐབས་ནས་བདག་ཉིད་ཆེན་པོ་འདི་ཉིད་ཀྱིས་ཡབ་རྗེ་ཉིད་ཀྱི་སྐུ་དང་གྲིབ་མའི་ཚུལ་དུ་འབྲལ་མེད་དུ་བཞུགས་བཞིན་པའི་རིང་ནས། ཡང་ཕུར་བདེ་ཀྱེ་གསང་གསུམ་ཆོས་སྐྱོང་ཆེ་ཆུང་སོགས་ཡི་དམ་ཞི་ཁྲོ་དུ་མ་དང་། རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་དུས་དང་གྲངས་ཀྱི་བསྙེན་པ་མཐར་ཕྱིན་པར་མཛད་པའི་མཚན་མ་ཁྱད་པར་ཅན་བརྙེས་པའི་ཚུལ་ནི་འོག་ཏུ་འཆད་ལ། དེ་ནས་རྗེ་ཉིད་དགུང་ལོ་བཅུ་ཕྲག་གཉིས་ཙམ་དུ་ཕེབས་པ་ན། མདོ་ཕྱོགས་གཙོ་བོར་གྱུར་པའི་བསྟན་པའི་རྣམ་