[A:༢༩༦བ]འབར་བའི་དབུ་ཐོག་གི་གསེར་ཐོག་ཆེན་མོ་སོགས་འདི་ཐམས་ཅད་གསར་བཞེངས་སུ་མཛད་དེ་ཀུན་གྱི་མིག་གི་བདུད་རྩིར་གྱུར་པ་མངོན་སུམ་དུ་གྲུབ་པ་འདི་ཡིན་ལ། བྲིས་འབུར་གྱི་སྐུ་ངོ་མཚར་ཅན་གསར་དུ་བསྐྲུན་པ་ཡང་། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གདུང་རྟེན་དངུལ་གདུང་རིན་པོ་ཆེ། ཕྱི་རྟེན་འབུམ་ཐང་ན་བཞུགས་པ། ཡུམ་གྱི་གདུང་རྟེན། ཉིད་ཀྱིས་ཡབ་ཡུམ་གཉིས་ཀྱི་དགོངས་པ་རྫོགས་ཐབས་སུ་བཞེངས་པའི་ལམ་ཟབ་བརྒྱུད་པའི་གསེར་སྐུ་ཆེ་ཆུང་གཉིས། ཕྲུ་མའི་གཙུག་ལག་ཁང་ན་བཞུགས་པའི་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་འདྲ་སྐུ་རྣམས་གསར་བཞེངས་སུ་མཛད་ཅིང་། ཁྱད་པར་མགོན་ཁང་ནུབ་ན་བཞུགས་པའི་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་འཆམས་སྐུ་ཆེན་མོ་ངོ་མཚར་རྨད་དུ་བྱུང་བ་འདི་གཉིས་བཞེངས་པར་མཛད་པ་ན། ཐོག་མར་སྐུ་རྒྱུ་རྣམས་ལ་ཕྱག་ནས་མཛད་པའི་ཉིན། མགོན་པོའི་སྐུ་པར་གློ་བུར་དུ་འབུལ་མི་བྱུང་བ་སོགས་ཐོག་མཐའ་བར་གསུམ་དུ་རྟེན་འབྲེལ་ཕུན་སུམ་ཚོགས་པ་དུ་མ་རང་འགྲིག་ཏུ་བྱུང་ཞིང་། མཐར་ཕྱག་ནས་རྒྱས་པར་མཛད་དེ་མགོན་ཁང་ནུབ་ཏུ་བཞུགས་སུ་གསོལ་བ་ན། ལོ་དེ་ཁོ་ན་ལ་ས་སྐྱ་པའི་བསྟན་དགྲ་ལ་ལ་ནང་འཛིངས། ལ་ལ་ཚེའི་དུས་བྱས། ཁ་ཅིག་ལ་གནས་དབྱུང་ཕོག་པ་སོགས་དམ་ཉམས་བསྟན་པའི་དགྲ་བོ་རྣམས་ལ་རྟགས་མཚན་མྱུར་དུ་སྟོན་པར་མཛད་པའི་བྱིན་རླབས་དང་མཐུ་རྩལ་གྱི་མངའ་བདག་དེ་ཉིད་ལ་སོགས་པ་འབུར་དུ་བཞེངས་པའི་སྐུ་བརྙན་ཀྱང་བསམ་གྱིས་མི་ཁྱབ་ཅིང་། བྲིས་སྐུ་ལ་རྫོང་ལུགས་ཀྱི་ལམ་འབྲས་བརྒྱུད་པ་གོང་དཀར་རྡོ་རྗེ་གདན་ན་བཞུགས་པའི་རྒྱ་ཐང་ཆེན་མོ་ལ་འདྲ་ཤུས་གནང་བ་