[A:༢༩༧ན]དང་། གཞན་ཡང་གསང་འདུས་བརྒྱུད་པ། རིགས་འཛིན་བརྒྱུད་པ། ཡི་དམ་དང་ཆོས་སྐྱོང་གི་ནག་ཐང་ཆེ་ཆུང་གྲབས་གཉིས་ལ་སོགས་པ་བྲིས་ཐང་གི་རིགས་གྲངས་ཀྱིས་མི་ཆོད་པ་ཙམ་ཞིག་གསར་བཞེངས་སུ་མཛད་པ་དེ་ཐམས་ཅད་ལ་གོས་ཁྱད་པར་ཅན་གྱི་གོང་ཤམ་འཇའ་རིས་ཉིས་བརྩེགས། ཞལ་ཁེབས་ལྔ་སྦྲག་རྒྱབ་དར་དང་བཅས་པ་འབའ་ཞིག་ཏུ་མཛད་ཅིང་། ཁྱད་པར་སངས་རྒྱས་ཀྱི་འཁྲུངས་རབས་བརྒྱ་པ་རི་མོ་ངོ་མཚར་ཕུལ་དུ་ཕྱིན་པ་ལ་རིན་ཐང་གཞལ་དུ་མེད་པའི་གོས་གསེར་མ་འབའ་ཞིག་གིས་གོང་ཤམ་འཇའ་རིས་ཟུང་ལྡན་དང་བཅས་པ། དར་ཆེན་ཁྱད་པར་དུ་འཕགས་པའི་ཞལ་ཁེབས་ལྔ་སྦྲག སྒྲིལ་ཤིང་གི་རྟོག་གསེར་དངུལ་འཇང་བརྡུངས་ལས་གྲུབ་པ་སོགས་རྒྱུ་དང་བཟོ་ཁྱད་ཕུན་སུམ་ཚོགས་པས། མདོར་ན་སངས་རྒྱས་ཀྱི་སྐྱེས་རབས་ཀྱི་བྲིས་ཐང་ཅིག་ལ་འདི་ཉིད་ལས་ཁྱད་པར་དུ་འཕགས་པ་དིང་སང་དབུས་གཙང་གི་ལྗོངས་འདི་ན་མེད་པར་ཡོངས་སུ་གྲགས་པ་འདི་ཡིན་ལ། སངས་རྒྱས་ཀྱི་འཁྲུངས་རབས་འདི་དང་གོང་གི་ལམ་འབྲས་རྒྱ་ཐང་གཉིས་ལ་ཕྱག་ནས་མཛད་དུས་མེ་ཏོག་གི་ཆར་ཁ་བ་ལྟར་བབས་པ་ཡོངས་སུ་གྲགས་ཤིང་། གཞན་ཡང་གདན་ས་ཆེན་པོའི་གཙུག་ལག་ཁང་རྣམས་ཀྱི་ཉམས་གསོ་མཛད་པ་ཡང་། གཡུ་ཐོག་ལྷ་ཁང་། ཤཱཀ་བཟང་སྐུ་འབུམ། གཞོན་དབང་སྐུ་འབུམ། རིགས་བཟང་སྐུ་འབུམ། འཁོན་སྐུ་འབུམ་སོགས་གདན་ས་ཆེན་པོའི་ནུབ་ཕྱོགས་ཀྱི་གཙུག་ལག་ཁང་རྣམས་དང་། གཞན་ཡང་བླ་བྲང་ཉི་ལྡེ། བླ་བྲང་དགེ་འཕེལ་སོགས་ལྷ་ཁང་དེ་རྣམས་ཀྱི་སྤང་བད་སྤོ་བ། གསེར་འཕྲུ་འཛུགས་པ་སོགས་