[A:༢༩༧བ]ཉམས་གསོ་དགོས་པ་མཐའ་དག་མཐར་ཕྱིན་པར་མཛད་ཅིང་། དེ་དག་གི་རིང་ནས་འཆད་པ་ཉི་མའི་འོད་ཟེར་གྱིས་གདུལ་བྱའི་བློ་གྲོས་ཀྱི་པདྨོ་རྒྱས་པར་མཛད་པའི་ཚུལ་ཡང་། བླ་མ་གོང་མའི་དུས་ཆེན་གྱི་དཀྱིལ་འཁོར་ཟབ་མོའི་སྒྲུབ་མཆོད་རྣམས་དང་བསྟུན་ནས་བདེ་ཀྱེ་གསང་གསུམ། རྡོ་རྗེ་ཕུར་པ་སོགས་ཀྱི་སྨིན་བྱེད་དབང་གི་ཆུ་རྒྱུན་ལན་མང་དུ་སྩལ་ཞིང་། སྒྲུབ་ཐབས་ཀུན་ལས་བཏུས་པ་བརྒྱ་རྩ་དང་། གཞན་ཡང་རྗེས་གནང་ཟུར་བཀའི་རིགས་མང་པོ། ལུང་གི་ཚོགས་དུ་མ་དང་བཅས་པས་སྐལ་བ་དང་འཚམས་པའི་གདུལ་བྱ་རྣམས་ཀྱི་དད་པ་དང་བློ་གྲོས་ཀྱི་དབང་པོ་རབ་ཏུ་རྒྱས་པར་མཛད་པ་ཡིན་ལ། དེ་དག་གི་བར་མཚམས་རྣམས་སུ་རྩོམ་པ་ལེགས་བཤད་ནོར་བུའི་ཕྲེང་བ་གསར་དུ་བསྐྲུན་པ་ཡང་། སྔགས་འཆང་ཆེན་པོ་ལ་བླ་མ་རྒྱང་འབོད་ཀྱི་སྒོ་ནས་གསོལ་བ་འདེབས་པ། གསུང་ངག་རིན་པོ་ཆེའི་ཁྲིད་ཡིག་ངོ་མཚར་ཅན། རྡོ་རྗེ་ཕུར་པའི་སྒྲུབ་ཐབས་འབྲིང་པོ། འཁོར་ལོ་བདེ་མཆོག་ནག་པོ་པའི་སྦྱིན་སྲེག བསེ་འབག་ནག་པོ་འཕུར་ཤེས་ཀྱི་ལོ་རྒྱུས། ཆོས་དུང་དཀར་པོ་རྒྱང་གྲགས་ཀྱི་དཀར་ཆག་སོགས་སྔོན་མེད་པའི་ལེགས་བཤད་དུ་མ་ཡང་གསར་དུ་མཛད་དེ། ཀུན་མཁྱེན་རྒྱལ་བའི་བསྟན་པ་ལ་མ་རྟོགས་པ་དང་། ལོག་པར་རྟོགས་པ་དང་། ཐེ་ཚོམ་གྱི་དྲ་བ་ཐམས་ཅད་བསལ་བར་མཛད་པ་ཡིན་ལ། དུས་དང་གནས་སྐབས་ཐམས་ཅད་དུ་རྗེ་བཙུན་ས་སྐྱ་པའི་ཆག་མེད་རྣམ་པ་བཞི་དང་། ཆོས་སྐྱོང་ཁྱད་པར་ཅན་རྣམས་ལ་དུས་དང་རྒྱུན་གྱི་མཆོད་གཏོར་འབུལ་བསྔོ་ལ་རྟག་འགྲུས་སུ་མཛད་པའི་ངང་ནས། ཆོས་དང་སྲིད་ཀྱི་བྱ་བ་གང་ལ་ཡང་ཐུགས་སྐྱེལ་དང་ཐུགས་ངང་ཤིན་ཏུ་རིང་