R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༩༨ན
[A:༢༩༨ན]པོའི་སྒོ་ནས་གང་ཡང་འཇམ་དར་གྱི་ཚུལ་དུ་སྐྱོང་བ་ལ་མཆོག་ཏུ་མཁས་པས། དམུ་རྒོད་སུ་གང་གིས་ཀྱང་འདུལ་བར་མ་ནུས་པ་རྣམས་ཀྱང་རང་གི་ངང་གིས་འདུལ་བར་མཛད་ཅིང་། མདོར་ན་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱིས་དཔལ་ས་སྐྱའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པའི་བསྟན་པའི་མེ་རོ་གསོ་བར་མཛད་པའི་རྒྱུན་དེ་ཉིད་མི་ཉམས་ཤིང་ཡར་ལྡན་དུ་སྐྱོང་བ་ལ། བདག་ཉིད་ཆེན་པོ་འདི་བས་ལྷག་པ་གཞན་སུ་ཡང་མ་བྱུང་བས། དེས་ན་སྔགས་འཆང་བསྟན་པའི་གསལ་བྱེད་ཆེན་པོ་དེ་ཉིད་ཀྱི་ཐུགས་ཀྱི་སྲས་མཆོག་ཀུན་གྱི་གཙུག་རྒྱན་དམ་པར་གྱུར་པ་ཡིན་ནོ། །དེ་ལྟ་བུའི་སྐྱེས་བུ་ཆེན་པོ་འདི་ཉིད་ལ་བླ་མ་དང་ལྷག་པའི་ལྷ་དུ་མས་བྱིན་གྱིས་བརླབས་ཤིང་ལུང་བསྟན་བརྙེས་པའི་ཚུལ་སོགས་ནི་གོང་གི་རྣམ་ཐར་བསྟོད་པའི་ཚིགས་བཅད་ཀྱི་འཕྲོས་ལས། ཀྱེ་རྡོ་རྗེ་ཡི་དཀྱིལ་འཁོར་བསྒྲུབ་པའི་ཚེ། །དཔལ་ལྡན་བླ་མས་ལུང་བསྟན་བརྙེས་ལ་འདུད། །ཅེས་སོགས་ཏེ་དེ་ཡང་རྗེ་ཉིད་སྐུ་ཕྲ་མོའི་དུས་རྗེ་བཙུན་གཅེན་དང་ལྷན་ཅིག་པས་སྔགས་འཆང་ཆེན་པོའི་ཞབས་ཕྱིར་བཞུགས་ནས། ལྷ་ཁང་ཆེན་མོའི་ཡང་སྟེང་ཐེག་ཆེན་ཕོ་བྲང་དུ་དགེས་པ་རྡོ་རྗེའི་དཀྱིལ་འཁོར་རྡུལ་ཚོན་མའི་སྒྲུབ་མཆོད་ཉི་མ་དུ་མ་ཞིག་མཛད་པའི་ཚེ། ཐོ་རངས་ཀྱི་ཆ་ཞིག་ལ་ལམ་འབྲས་བརྒྱུད་པའི་རྟེན་གཙོ་རྗེ་ས་ཆེན་གྱི་སྐུ་འདྲ་རིན་པོ་ཆེའི་ཞལ་དཀྱིལ་ལ་འོད་དཀར་པོ་ཟླ་བ་ཤར་བ་འདྲ་བ་ཞིག་ཡུན་རིང་པོའི་བར་དུ་བྱུང་བ་དང་། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཉིད་ཤིན་ཏུ་དགེས་པའི་གསུང་གིས་ས་ཆེན་གྱི་སྐུའི་ཞལ་དཀྱིལ་ལ་འོད་དཀར་པོ་བྱུང་བ་དེ་རྟེན་འབྲེལ་