[A:༣༢༣ན]ཚོགས་པ་ཡར་ངོའི་བསིལ་ཟེར་བྱེད་ལྟར་འཕེལ་ཞིང་རྒྱས་པར་གྱུར་ཅིག དེ་དག་གིས་ནི་དཔལ་ས་སྐྱའི་གདན་ས་མཛད་པའི་སྐྱེས་བུ་ཇི་ལྟར་བྱོན་པའི་ཚུལ་ཏེ་སྐབས་སུ་བབས་པའི་དོན་གཞན་བཤད་པ་ཉིད་བསྟན་ཟིན་ཏོ།། །།འདིར་སྨྲས་པ། དེ་ལྟར་འཇམ་པའི་དབྱངས་ཉིད་འོད་གསལ་གྱི། །ལྷ་རིགས་སྤྲུལ་ནས་མི་ཡི་རྗེ་མཛད་པའི། །མཆེད་གསུམ་མ་བཟང་སྤུན་བདུན་ལ་སོགས་པ། །ལྷ་ཡི་གདུང་རབས་རྣམས་ལ་སླར་ཡང་འདུད། །བདུད་སྲིན་མ་རིག་ལས་འཁོན་གྲུབ་དབང་རྗེ། །རིམ་གཉིས་ཏིང་འཛིན་ཟས་ལ་རྟག་རོལ་བའི། །ལྗོངས་འདིར་འཁོན་ཞེས་གྲགས་པ་གསལ་ལྡན་པའི། །སྐྱེས་ཆེན་རྣམས་ཀྱི་ཡོན་ཏན་དྲན་པས་འདུད། །རྒྱལ་བའི་སྤྱི་གཟུགས་རིགས་གསུམ་མགོན་པོ་ཉིད། །གཞན་ངོར་ངུར་སྨྲིག་གོས་དང་གོས་དཀར་གྱི། །མཛེས་སྐུར་སྤྲུལ་ནས་ཡོངས་རྫོགས་བསྟན་པའི་བདག །འགྲན་བྲལ་ས་སྐྱའི་བླ་ཆེན་བརྒྱུད་བཅས་རྒྱལ། །གང་གི་གདུང་རིགས་དྲི་མེད་ལས་བྱོན་པའི། །གཅིག་མིན་ཐ་དད་ཆོས་ཀྱི་ཁྲིར་འཁོད་དེ། །རླབས་ཆེན་བསྟན་འགྲོའི་དོན་ལ་གཅིག་གཞོལ་བའི། །བླ་བྲང་རྣམ་བཞིའི་གདུང་རབས་བསྔགས་པར་འོས། །ཁྱད་པར་འཁོར་བ་ཇི་སྲིད་གནས་ཀྱི་བར། །རྒྱུན་མི་ཆད་པར་འབྱོན་པའི་འཕྲིན་ལས་ཅན། །དུས་མཆོད་བླ་བྲང་པ་ཞེས་ཡོངས་གྲགས་པའི། །སྐྱེས་མཆོག་རྣམས་ཀྱི་བཀའ་དྲིན་དྲན་པས་འདུད། །ལྷག་པར་སྙིགས་དུས་དཔལ་ལྡན་ས་སྐྱ་པའི། །བསྟན་པའི་མེ་རོ་རྨང་ནས་བསླང་མཛད་དེ། །རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་ལྟར། །རབ་གྲགས་སྔགས་འཆང་ཀུན་དགའ་རིན་ཆེན་རྒྱལ། །གང་