[A:༣༢༣བ]གི་ཐུགས་སྲས་མཐུ་སྟོབས་ནུས་པའི་གཏེར། གྲུབ་མཆོག་དེད་དཔོན་བསོད་ནམས་དབང་པོ་དང་། །འགྲན་གྱི་དོ་མེད་འཛམ་གླིང་མཛེས་པའི་རྒྱན། །སྔགས་འཆང་གྲགས་པའི་མཚན་གྱིས་བདག་སྲུངས་ཤིག །རྩ་བརྒྱུད་བླ་མའི་ཡོན་ཏན་བཀོད་པའི་གཏམ། །ངོ་མཚར་ཡིད་བཞིན་རིན་ཆེན་བང་མཛོད་ལྟར། །སྐལ་བཟང་དོན་གཉེར་རྣམས་ལ་དགོས་འདོད་ཀུན། །འབད་མེད་སྩོལ་བའི་བསྟན་བཅོས་འདི་ངོ་མཚར། །དེང་སང་རྨོངས་པའི་ཕྲུག་གུ་ཕོངས་པ་ཡི། །འཁོར་གྱིས་བཏེག་ནས་ལྷ་མིའི་འདྲེན་པ་ཞེས། །གྲག་སྟོང་སྒྲ་ཡི་རྗེས་སུ་རྒྱུག་འདི་རྣམས། །ལོང་བས་ལོང་བ་ཁྲིད་དང་མཚུངས་མིན་ནམ། །ལ་ལ་འགྲན་བྲལ་སྐྱེས་བུར་ཁས་བླངས་ནས། །རྩོད་མེད་གོང་མའི་གཞུང་ལུགས་རྣམས་བོར་ཏེ། །གསར་བྱུང་ཆོས་ལ་མཚར་དུ་འཛིན་བྱེད་པའི། །དཔོན་སློབ་དེ་ཀུན་བདུད་ཀྱིས་མ་བསླད་དམ། །དང་པོར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས། །བར་དུ་ལུང་རྟོགས་ཡོན་ཏན་མཛོད་བཟུང་ནས། །ཐ་མར་ཅི་མཛད་བསྟན་འགྲོའི་དོན་གྱུར་པ། །ས་སྐྱའི་གདུང་རབས་རྣམས་ཀྱི་ཁྱད་ཆོས་ཡིན། །དེ་ལྟར་དྲང་པོའི་བདེན་ཚིག་སྨྲས་པ་ལ། །དཔྱོད་ལྡན་གཟུར་གནས་རྣམས་ཀྱིས་བརྟག་བྱ་ཡི། །ཕྱོགས་འཛིན་དུག་ཆུས་བསླད་པའི་སྐྱེ་བོ་རྣམས། །ལན་བརྒྱར་སྨོད་ཀྱང་བ་སྤུ་གཡོ་རེ་ཀན། །སྔོན་ཚེ་ས་སྐྱའི་བསྟན་འཛིན་བཤེས་གཉེན་རྣམས། །བཀའ་དྲིན་མཉམ་མེད་གདུང་རབས་རིན་ཆེན་འདིས། །རྣམ་ཐར་སེམས་ཤིང་འཆད་དང་རྩོམ་པ་དང་། །རྟག་ཏུ་ཡོན་ཏན་བརྗོད་པས་བྲེལ་བ་སྙམ། །དེང་དུས་དཔྱོད་ལྡན་རྣམས་ཀྱང་འདིར་དད་མོད། །འོན་ཀྱང་དོན་གཞན་བྱ་བས་ཆེར་