R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༤ན
[A:༣༤ན]སྐྱར་སྐུ་འཁྲུངས། རྒྱ་གར་དུ་སློབ་གཉེར་ལ་བྱོན། རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཏེ། ཚུར་འབྱོན་པའི་གྲབ་ས་མཛད་པའི་ཐོག་ཏུ་ཚད་པའི་བསྙུང་གཞི་གཅིག་བྱུང་ནས་དགུང་ལོ་ཉི་ཤུ་རྩ་གཉིས་པ་ལ་མ་ག་དྷཱ་ཉིད་དུ་སྐུ་གཤེགས་སོ། ། རྗེས་སུ་ཆེ་བ་ཁབ་ཏུ་བཞེས་པའི་མིང་མ་གཅིག་འོད་སྒྲོན། དེ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་ཡབ་དགུང་ལོ་ང་གཅིག་པ་ཆུ་ཕོ་ཁྱིའི་ལོ་ལ་དཔལ་ལྡན་ས་སྐྱར་སྐུ་འཁྲུངས། དེའི་དུས་སུ་རྡོ་རྗེ་གདན་གྱི་སྒོའི་ཡ་ཐེམ་ལ་འཇམ་དཔལ་གྱི་སྤྲུལ་པ་མཁན་པོ་བསོད་ནམས་རྩེ་མོ་རྡོ་རྗེ་ཐེག་པ་མཐའ་དག་གི་དབང་ཕྱུག་དམ་པ་ས་སྐྱར་སྐྱེས་སོ་ཟེར་བ་མཁའ་འགྲོས་ཡི་གེར་བྲིས་པ། ཀཽ་ཤམྦྷའི་པཎྜི་ཏ་དེ་ཝ་མ་ཏིས་ཕྱོགས་ཐམས་ཅད་དུ་བསྒྲགས་པ་དང་རྒྱུད་དེ་བོད་ཉིད་ལས་རྩད་ཆོད་དོ་ཞེས་གྲགས་སོ། །བལྟམས་པའི་ཚེ་དེ་མ་ཐག་ཏུ་སཾ་སྐྲྀ་ཏའི་སྐད་གསུངས་པ་དང་། བདག་ནི་བྱིས་པའི་སྤྱོད་པ་ལས་འདས་པའོ་ཞེས་ལན་གཉིས་སུ་སྦྲེལ་ནས་གསུངས་ཤིང་དུས་ཀུན་དུ་སྐྱིལ་ཀྲུང་བཅས་ཏེ་བཞུགས་པས་ཐམས་ཅད་ཡ་མཚན་དུ་གྱུར་ཏོ། །དགུང་ལོ་གསུམ་བཞེས་པའི་ཚེ་རྗེ་བཙུན་འཇམ་པའི་དབྱངས། དཔལ་ཀྱེ་རྡོ་རྗེ། རྗེ་བཙུན་མ་སྒྲོལ་མ། རྗེ་བཙུན་མི་གཡོ་བ་རྣམས་ཀྱིས་ཞལ་མངོན་སུམ་དུ་གཟིགས་ཤིང་། རྒྱུད་གསུམ། བདེ་མཆོག་རྩ་རྒྱུད། ཀུན་ལས་བཏུས་དང་ལྔ་ཐུགས་ལས་གསུངས། རྒྱ་གར་དུ་མི་ཐུབ་ཟླ་བ་ལ་སོགས་པའི་པཎྜི་ཏ་བཅུ་གཅིག་ཏུ་བརྒྱུད་ནས་སྐྱེ་བ་བཞེས་ཏེ་འགྲོ་བའི་དོན་མཛད་པ་ཡང་དྲན་ཅེས་གྲགས་སོ། །དེ་ནས་ཡབ་ལས་རྡོ་རྗེ་ཐེག་པས་བསྡུས་པའི་རྒྱུད་འགྲེལ། སྒྲུབ་