[A:༥༧ན]ནོ། །དེ་ཉིད་ཡབ་དགུང་ལོ་སོ་གསུམ་བཞེས་པའི་དུས་སུ་ཆུ་ཕོ་སྟག་གི་ལོ་ཁྲ་ཟླ་བའི་ཉི་ཤུ་དྲུག་ལ་འཁྲུངས་ཤིང་། དེའང་ཡུམ་གྱི་ལྷུམས་སུ་འཇུག་པ་ན་ཀླུའི་རྒྱལ་པོ་རིན་པོ་ཆེའི་རྒྱན་མིག་གིས་བལྟར་མི་བཟོད་པ་ཅིག་ཁྱོད་ལ་གནས་གཡར་ཟེར་བ་རྨིས་ཤིང་། ལྷུམས་སུ་ཞུགས་པ་ན་ཡུམ་ལ་ཏིང་ངེ་འཛིན་བཟང་པོ་སྐྱེས། བལྟམས་པ་ན་བར་སྣང་འོད་ཀྱིས་ཁྱབ་པ་དང་། བལྟམས་ནས་འགོག་ཐུབ་པ་ན་སྔ་མའི་བག་ཆགས་སད་པས་སཾ་སྐྲྀ་ཏའི་སྐད་སྨྲ་བ་འགའ་རེ་བྱུང་། ཡུམ་གྱིས་འདི་ལ་གུ་བ་ཅིག་ཡོང་བ་མ་ལགས་སམ། གཏམ་གོ་རྒྱུ་མེད་པ་སྨྲས་ཡིན་གདའ་ཞུས་པས། རྗེ་པས་སཾ་སྐྲྀ་ཏ་མཁྱེན་པས་གཟིགས་ནས། ཁྱོད་ཀྱི་བུ་ལ་གུ་བ་བྱུང་དོགས་མེད་གསུངས་སྐད། གཞན་ཡང་ཕྱག་མཛུབ་ཀྱིས་ནཱ་ག་ར་དང་ལཉྪ་ལ་སོགས་པ་རྒྱ་གར་གྱི་ཨཱ་ལི་ཀཱ་ལི་ཚར་རེ་བྲིས་ནས་ཀློག་པའི་ཚུལ་མཛད། དེ་ལ་མི་འགོམ་པར་ཕྱག་གིས་ཕྱིས་ནས་གཏོང་བ་དང་། རྒྱ་ཀློག་བོད་ཀློག་མ་བསླབས་པར་མཁྱེན་ཅིང་། དེ་ནས་ཐོས་བསམ་གྱིས་རྒྱུད་སྦྱངས་པའི་ཚུལ་ནི། རྒྱུ་དུས་སུ་ཤེས་བྱ་ལ་བསླབ་པའི་ཚུལ་དང་། འབྲས་དུས་སུ་རིག་པའི་གནས་ལྔ་མཁྱེན་པའི་ཚུལ། དེ་ལྟར་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོར་གྱུར་ནས་བསྟན་པ་དང་སེམས་ཅན་གྱི་དོན་ཇི་ལྟར་མཛད་པའི་ཚུལ་རྣམས་སུ་ཡོད་པ་ལས། དང་པོ་ནི་གསན་ཡིག་ལྷུག་པར་བྲིས་པ་རྣམ་ཐར་གཞན་དུ་རྒྱས་པར་འབྱུང་ཡང་། ཆོས་རྗེ་ཉིད་ཀྱི་ཆག་ལོའི་དྲིས་ལན་དུ་གསལ་ཞིང་། གོ་སླ་བའི་ཚིགས་སུ་བཅད་པ་ནི་འདི་ལྟར། སྡེབ་སྦྱོར་རིན་ཆེན་འབྱུང་གནས་དང་། །དམར་སེར་དང་ནི་རྒྱལ་བའི་ལྷ། །བདེ་བར་གཤེགས་པའི་