R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 608
[A:608]དེ་ཉིད་ཀྱིས་རྒྱལ་ཚབ་ཆེན་པོའི་སྤྱོད་པ་རྨད་དུ་བྱུང་བ་ཅི་རིགས་པས་མདོ་སྔགས་ཀྱི་ཆོས་ཐམས་ཅད་ལ་མཁས་པའི་བགྱི་བ་གསུམ་གྱི་བགྱི་བ་ཡང་དག་པར་བགྱིས་པའི་ནང་ནས། ལྷག་པར་སམྤུ་ཊ་ལས། བསྟན་བཅོས་ཚད་མ་སློབ་དཔོན་དང༌། །ལུང་གི་རྗེས་འབྲང་དེ་ཉིད་རིག ། གསང་སྟོན་དེ་ཉིད་དངོས་པོ་ཡང༌། །གཅིག་ནས་གཅིག་བརྒྱུད་ཤེས་པར་བྱ། །བླ་མ་རབ་ཀྱི་ཞལ་ལས་བླངས། །ཞེས་དང༌། ཚད་མ་སྙན་བརྒྱུད་བཞི་ཡིས་སྤྲོས་པ་བཅད། །ཅེས་པ་ལྟར་ལུགས་སྲོལ་འདི་ལ་ཚད་མ་བཞི་དང༌། སྙན་བརྒྱུད་བཞི་ཞེས་གསུངས་པའི་དང་པོ་རྗེ་བཙུན་ཆེན་པོས། ཆོས་ཀུན་ཚད་མ་བཞི་ཡིས་གཏན་ལ་དབབ། །ཅེས་གསུངས་པ་ལྟར། བླ་མ་ཚད་མ། ཉམས་མྱོང་ཚད་མ། བསྟན་བཅོས་ཚད་མ། ལུང་ཚད་མ་བཞིའི་སྒོ་ནས་གཏན་ལ་འབེབས་པར་མཛད་པའི་ཚུལ་གྱིས་ལེགས་པར་ཕྱེ་ཞིང་ལོག་པར་སྨྲ་བ་གཞན་གྱི་ཀླན་ཀའི་གནས་རྣམས་ཡང་དག་པའི་ལུང་དང་རིགས་པ་དང་མན་ངག་གི་སྒོ་ནས་དགག་སྒྲུབ་ཀྱིས་ལེགས་པར་གཏན་ལ་ཕབ་པ་ནི། བདག་ཅག་གི་སྟོན་པས་ཀྱང་ཇི་སྐད་དུ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་ལྟ་བུའི་ཚུལ་གྱིས་སྤྲིན་བྲལ་ཉིན་མོར་བྱེད་པའི་དཀྱིལ་འཁོར་ལྟར་ཆེས་ཆེར་གསལ་བར་བྱེད་པ་པོ་ནི་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་དེ། སླར་ཡང་དེ་ཉིད་ཀྱི་ཞལ་སློབ་ཡང་སློབ་ཏུ་བཅས་པ་རྣམས་ཀྱིས་དེང་སང་གི་བར་དུ་འཆད་ཉན་གྱིས་གཏན་ལ་ཕབ་ཅིང་ཐུགས་ཉམས་སུ་བསྟར་བར་མཛད་པའི་ཟབ་པ་ལས་ཀྱང་ཆེས་ཟབ་པ་འདི་ཉིད་མཁས་པར་རློམ་པ་གཞན་གྱི་