R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 573
[A:573]ཆེན་གྲགས་པ། བཀའ་འགྱུར་པ་ཤཱཀྱ་རྒྱལ་མཚན། ཐུ་བཙུན་འཇིགས་མེད་དཔའ་བོ་མན་འབུམ་གྱི་བརྒྱུད་པ་བཞིན་ནོ། །བསིལ་ལྡན་སྨན་ལྗོངས་མཁས་དང་གྲུབ་མཆོག་རྣམས། །ཇི་སྙེད་བྱོན་པས་བཀྲལ་བའི་བསྟན་བཅོས་དང༌། །རྒྱལ་བའི་བཀའ་ལུང་འགྱུར་རོ་ཅོག་གཞུང་ལས། །ཤེར་ཕྱིན་སྐོར་སོགས་ཐོས་པའི་རིམ་པའོ། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས་མཁས་ཤིང་གྲུབ་པ་བརྙེས་པ་རྣམས་ཀྱི་བསྟན་བཅོས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐོར་ཡོངས་རྫོགས་སོགས་སྟོན་པའི་བཀའ་ལུང་རིན་པོ་ཆེ་ཁ་ཤས་ཐོས་པའི་སརྒ་སྟེ་ཉེར་བརྒྱད་པའོ། །། །སྤྱི་དོན་བཞི་པ་ཐོས་བསམ་དོན་ཡོད་ཆེད་དུ་རང་གཞན་དོན་གཉིས་ཇི་ལྟར་བསྒྲུབས་པའི་ཚུལ་ནི། དེ་ལྟར་གོང་དུ་སྨོས་པའི་སྐྱབས་མཆོག་བཀའ་དྲིན་མཚུངས་བྲལ་དེ་རྣམས་ལས་ཆོས་ཀྱི་བདུད་རྩི་མང་དག་ཐོས་པ་དེ་ཉིད་ཀྱང་ཚེ་འདིའི་གྲགས་འདོད་སོགས་ལྷུར་བླང་གི་བགྱི་བ་མ་ཡིན་པར་སྦྱོར་བ་ཀུན་མཁྱེན་ཤཱཀྱའི་སྲས་ཀྱི་རིང་ལུགས་འདི་ལ་གསང་བ་བསམ་མི་ཁྱབ་པར། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་ཀྱི་ཚོགས་ཀྱི་རྙེད་པ་ཡིན། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་གསུངས་པ་ལྟར་བཅོས་མིན་གྱི་དད་པ་བརྟན་པོས་ཀུན་ནས་བསླང༌། དངོས་གཞི་མཆོག་གི་རྡོ་རྗེ་སློབ་དཔོན་དེ་རྣམས་སྒོ་གསུམ་གུས་པས་གཙུག་ཏུ་བསྟེན་ཅིང༌། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག ། དུལ་བའི་དཔལ་ནི་ཉེ་བར་བཞག། དགའ་དང་ལྡན་པས་མིག་གིས་བལྟ།