[A:༤༢༩] སྙམ་པ་ཡོད་གསུངས། དེ་དུས་བདག་གི་རྟོག་པ་ལ་ཅི་གསུང་བ་ཡིན་ནམ། བཤང་གཅིའི་ནང་སུས་ཀྱང་གཡེང་བ་ནི་མེད་བསམ། སང་ཐོ་རངས་བསམ་པས། ཤེར་ཕྱིན་གྱི་འགྲེལ་པར། དགེ་བའི་རྩ་བ་འཇིག་རྟེན་ལ་མངོན་པར་འཕགས་པ་ཉིད་ཀྱི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་མི་འབྱུང་བ་དང༌། དགེ་བའི་རྩ་བ་རྣམ་པར་དག་པས་སེམས་གྱ་གྱུ་མེད་པ་དང༌། རྙེད་པ་དང་བཀུར་སྟི་ལ་སོགས་པ་ལ་མི་ལྟ་བ་ཉིད་ཀྱིས་ཕྱག་དར་ཁྲོད་པ་ཉིད་ལ་སོགས་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་ལེན་པ་དང༌། སྦྱིན་པ་ལ་སོགས་པའི་ཁྱད་པར་བསྒྲུབས་པས། དེ་དག་དང་འགལ་བ་སེར་སྣ་དང༌། འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་མེད་པ་དང༌། ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ཉིད་ཀྱིས་ཆོས་ཉིད་དང་མི་འགལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་འགྲོ་བ་དང༌། འགྲོ་བ་བདག་ཉིད་ཀྱིར་བྱས་པ་གཞན་གྱི་དོན་དུ་དམྱལ་བར་འདོད་པ་ཞེས་བྱ་བ་རྣམ་པ་དྲུག་དང་ཞེས་པའི་གཞུང་དེ་དྲན་པས་དད་པ་བསམ་གྱིས་མི་ཁྱབ་པ་སྐྱེས། སྦྱོར་ལམ་རྩེ་མོའི་ཡེ་ཤེས་སྐྱེས་པར་ཞལ་གྱིས་བཞེས་པར་གོ་ཞིང་ཐག་ཆོད་དོ། །ཚེས་བཅུའི་ཉིན་གདན་ཞུགས་ཀྱི་གསོལ་འདེབས་དང༌། སྐུ་རིམ་མང་རབ་ཅིག་བྱས། ཆོས་རྗེ་ཉིད་ཀྱི་ཆག་ཕྱི་བ་བདག་ཅག་འདུན་གྱིས་བགྱིས་ནས། བདེ་མཆོག་དྲིལ་བུ་པའི་སྒྲུབ་མཆོད་བྱས། མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གཏོར་མ་རྒྱ་ཆེན་པོ་ཕུལ་ཞིང་གསོལ་བ་བཏབ་སྟེ། དབོན་པོ་ཤེར་སེང་ན་རེ་ལོ་བརྒྱའི་བར་དུ་བཞུགས་དགོས་ཞུ་ཡིན་འདུག་པས། ལོ་བརྒྱ་ཙམ་སྡོད་མཁན་སུ་ཡོད། ཚེ་རིང་པོ་ཡིན། ད་ལེན་བླ་མ་པ་མ་སླེབ་ན་ཤི་ཉེན་འདུག་ན་ཡང་རྟེན་འབྲེལ་གྱིས་ཁོང་སླེབས། ད་ཤི་རུང་འགྱོད་པ་དང༌། སེམས་ཀྱི་འཁྲི་བ་ཅིག་ཀྱང་མེད། ད་ཁར་སང་འགྲོ་མགོན་ཆོས་རྗེས་ལོ་བཞི་མི་འཆི་གསུངས་པ་ཡང་བྱུང༌། ཁྱེད་རྣམས་དེ་རིང་ཕུལ་བའི་གདན་འདི་ཡང་བཞི་འདུག་པས་ལོ་བཞི་སྡོད། དེ་ནས་ཕྱིན་པ་དྲག་གསུངས། དེ་ནས་བདག་གིས་སྐུ་མདུན་དུ་ཟླ་བ་གཅིག་བསྡད། ཕྱག་རྫས་ཕལ་ཆེར་ཆོས་ཕྱོགས་སུ་བཏང་ཚར་ནས་མི་འདུག །ལྷག་མ་འདུག་པ་རྣམས་ཉེ་གནས་སོགས་ལ་གནང་སྦྱིན་དགོས་པ། དགེ་བཤེས་ཐ་དད་ལ་