[A:༤༣༠]ཕྱག་དཔེ། མཆོད་ཆ་སོགས་གང་འོས་པ་རྣམས་མོས་གུས་ཀྱི་རྟེན་དུ་གནང༌། དགོན་པའི་སྟོད་ཟུར་ན་ཡོད་པ་མ་གཏོགས། གཞན་རྫས་སེ་གཅིག་ཀྱང་མ་ལུས་པར་སྦྱིན་པ་གཏང༌། བདེ་བར་མ་གཤེགས་ཀྱི་བར་ལ་ཞབས་ཏོག་ཆུད་ཁ་ནས་སྦྱར་ཏེ། ཉེ་གནས་གཅིག་མ་གཏོགས་གཞན་སུ་དང་ཡང་མི་མཇལ་བར་མཛད་ནས་ཐུགས་དམ་འབའ་ཞིག་ལ་བཞུགས་སོ། །ཁྱི་ལོའི་དཔྱིད་བདག་གིས་མཇལ་དུ་ཕྱིན་པས། ཁམས་བདེ། དགེ་སྦྱོར་ནན་ལྟར་འཕེལ། ཁྱེད་རང་ཡང་དགེ་སྦྱོར་ལ་དྲིལ་བ་འཐད། མི་ཉུང་བ་འདི་བས་དགེ་སྦྱོར་དྲག་པ་མི་འདུག་གསུངས། ས་མོ་ཕག་གི་ལོ་ཤར་བའི་ཚེ། ད་སྤྲོས་པ་མང་པོ་ཁམས་ཀྱིས་མི་ནུས་པ་འདུག་པས། ཆོས་སྐྱོང་རྣམས་ལ་གཏོར་མ་དུས་གཅིག་ལ་འབུལ་བ་ཡིན་གསུངས་ནས། གཏོར་མ་མང་པོ་ཞག་གསུམ་གྱི་བར་དུ་ཕུལ་ནས། གཏོར་མ་བསྔོ་བའི་རྗེས་མ་དེ་ལ་གྱིས་གསུངས། སློབ་དཔོན་དབོན་པོ་སོགས་གདམས་ངག་གི་ཞུ་འཕྲོ་ཡོད་པ་རྣམས་ད་ལེན་ཤོག་གསུངས་ནས་ཆོས་ཁ་ཅིག་གསུངས་ནས། ཁོང་ཆོས་དོན་གཉེར་བ་རྣམས་ཀྱི་འཕྲོ་ཡང་རྫོགས་ཡོད། ད་ཁྲིད་གསར་པ་སྐྱོང་བ་སོགས་ཆོས་འཆད་པའི་སྤྲོས་པ་འཇོག་པ་ཡིན་གསུངས་ནས། སྐུ་མཚམས་དམ་དུ་བཏང་ནས་ཐུགས་དམ་གྱིས་དུས་འདའ་བར་མཛད་དོ། །ལྕགས་ཕོ་བྱི་ལོ་ཟླ་བ་དགུ་པ་ལ་ཞབས་ཅུང་ཟད་བསྙུང་དུ་བྱུང་ནས། ཉེ་གནས་ཀྱིས་སྐུ་མཚམས་གསེངས་ནས་ཆུ་ཚན་ལ་འབྱོན་པ་དྲག་ཞུས་པས། མི་ཕན་མི་འགྲོ་གསུངས། སློབ་དཔོན་དབོན་པོ་སོགས་ཐམས་ཅད་ཀྱིས་ཞུས་པས། བློན་པོ་ཆུ་ཚན་དུ་ཚེས་བརྒྱད་ལ་བྱོན། དེར་མི་མང་པོས་ཆོས་འབྲེལ་དང༌། བྱིན་རླབས་སྲུང་སྐུད་སོགས་ཞུས་པས་གྲིབ་ཅིག་བྱུང་ནས་སྐུ་ཁམས་དྲག་ཏུ་མ་སོང་བར་ཚེས་བཅུ་ལ་དགོན་པར་ཕེབས། སྐུ་ཁམས་ཉོག་གེ་བ་ཞིག་བྱུང༌། དེ་ཚེ་སྣང་བ་ཐམས་ཅད་སྟོང་གཟུགས་ཀྱི་ཚེ་དཔག་མེད་ཀྱི་སྐུ་འབའ་ཞིག་ཏུ་འཆར་གྱིན་འདུག་པས། ཕྱི་མ་ལ་ཡང་ཚེ་རིང་པོ་ཅིག་འོང་བར་འདུག་