R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༣༧
[A:༡༣༧]བབས་ཏེ། སའི་མདོག་འགྱུར་བ་དང༌། དེ་དག་གི་ཁྲོད་ནས་མེ་ཏོག་ཆེ་བ་རྣམས་སྐྱེ་བོ་རྣམས་ཀྱིས་བླངས་ཏེ། ཟ་མ་ཏོག་ལ་སོགས་པར་བཅུག་ནས་རང་རང་གི་གནས་སུ་ཁྱེར་བ་སོགས་ངོ་མཚར་བའི་རྟགས་བསམ་གྱིས་མི་ཁྱབ་པ་བྱུང༌། དེ་ནས། རྒྱུད་ལས། མཚན་ཉིད་ལྡན་པའི་བླ་མ་འདས་པའི་ཚེ། །གདུང་བའི་སེམས་ཀྱིས་མཆི་མ་བྱུང་གྱུར་ན། །ཕྲ་རབ་རྡུལ་དང་མཉམ་པའི་གྲངས་སྙེད་ཀྱིས། །བསྐལ་བར་བསགས་པའི་སྡིག་ཆེན་བྱང་གྱུར་ཏེ། །མ་འོངས་དུས་སུ་ཞབས་དྲུང་སྐྱེ་བར་འགྱུར། །གདན་ཁྲི་ལེགས་བཤམས་སྟེང་དུ་པུར་བཞག་ནས། །ཆུ་གཙང་ཨརྒས་སྐུ་ཁྲུས་ལེགས་གསོལ་ན། །བསྐལ་པ་བྱེ་བར་བསགས་པའི་སྡིག་བྱང་ནས། །ཟག་མེད་ཆོས་སྐུ་དྲི་བྲལ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། དེར་འདུས་པའི་སྐྱེ་བོ་རྣམས་མགོན་དང་བྲལ་ནས་ཉམས་ཐག་ཅིང་བཟོད་པར་དཀའ་བའི་སྙིང་གི་ཆུ་གཏེར་ཆེན་པོ་ཕྱུར་བུར་ལུད་ནས་བཞིན་གྱི་ནོར་འཛིན་གྱི་ཁྱོན་མཐའ་དག་ཤེལ་དཀར་བཞུ་བའི་རྒྱུན་ལྟ་བུའི་མཆི་མའི་ཆུ་ཀླུང་གིས་ཅི་ཡང་ཁྱབ་ཀྱང་མིག་གི་པདྨ་ངོ་མཚར་བའི་ཆོ་འཕྲུལ་རྣམས་ལ་ཟིམ་མེར་ལྟ་བཞིན་པའི་ངང་ནས་ཞག་གསུམ་སོང་བ་ན་གཞལ་དུ་མེད་པའི་འཇིག་རྟེན་གྱི་མཆོད་སྡོང་ཆེན་པོར་གྱུར་པའི་སྐུ་གདུང་རིན་པོ་ཆེ་དེ་ཉིད་ལ་དྲི་བཟང་གི་ཆུས་སྐུ་ཁྲུས་གསོལ་ཞིང་སྨན་སྣ་ཚོགས་ཀྱི་ལྡེ་གུ་དང་བཅས་པའི་ལྷ་རྫས་ཀྱི་ན་བཟས་སྲི་ཞུ་ལེགས་པར་བགྱིས་ཏེ། གདུང་སྒྲོམ་གྱི་མཆོད་རྟེན་དུ་སྤྱན་དྲངས་ནས་མདོ་སྡེ་ཕལ་པོ་ཆེའི་གླེང་གཞི་ལས་བྱུང་བ་ལྟ་བུའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པའི་དབུས་སུ་བཞུགས་སུ་གསོལ།