[A:༡༣༨] ཞག་བཞི་བཅུ་རྩ་དགུའི་བར་དུ་ཆོས་རྗེ་གུང་པས་གཙོ་མཛད། དམ་ཚིག་དང་ལྡན་པའི་དགེ་འདུན་བརྒྱ་ཕྲག་གཅིག་གིས་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་བཞེངས་ཏེ་སྐུ་གདུང་རིན་པོ་ཆེ་ལ་རྒྱུད་སྡེ་ནས་ཇི་ལྟར་བཤད་པ་ལྟར་གྱི་གསོལ་བ་འདེབས་པ་དང༌། ལྡན་མ་མང་པོ་སོགས་ཁམས་པ་གྲ་པ་དུ་མ་ཡོད་པ་རྣམས་ཀྱང་ཁོ་རང་རྣམས་ཀྱང༌། ལྷན་ཅིག་ཏུ་ཚོགས་ཏེ་གསོལ་བ་འདེབས་པར་བྱེད། ཟླ་བ་དེའི་ཉི་ཤུ་ལྔ་ནས་བཟུང་སྟེ་ཞག་གསུམ་གྱི་བར་དུ། བདག་ཆེན་སློབ་དཔོན་ཆེན་པོ་ཀུན་དགའ་བཀྲ་ཤིས་པའི་དྲུང་གིས་གཙོ་མཛད། དགེ་འདུན་ཉིས་སྟོང་ཙམ་གྱིས་ཕྱི་ནང་གི་དཀྱིལ་འཁོར་ཆེན་པོ་བཞེངས་ཏེ་གསོལ་བ་འདེབས་པ་དང༌། གཞན་ཡང་ཕྱོགས་མཐའ་དག་ནས་འདུས་པའི་སྐྱེ་བོ་ཁྲི་ཕྲག་གཉིས་ཙམ་ཚོགས་པ་རྣམས་ཀྱིས་རང་རང་གི་དད་པ་དང་མོས་པའི་སྒོ་ནས་གསོལ་བ་འདེབས་པར་བྱེད་ཅིང༌། དེ་དག་ཐམས་ཅད་བདག་ཆེན་ཤར་པའི་དྲུང་དུ་འབུལ་བ་རྣམས་སྟོབས་ཆེ་བ། དགེ་འདུན་སོ་སོའི་ཕྱག་ཏུ་གསེར་དངུལ། གོས་དར། མར་ནས་ལ་གཞི་བླངས་པའི་ས་སྐྱའི་ཁལ་འགྱེད་ཀྱི་འབུལ་བ་དང༌། སྐྱེ་བོ་གཞན་རྣམས་གྲོ་བར་གྱི་ཟན་མར་བཟང་ཚད་ཐུབ་པ། ཁལ་ཕྱེད་འགྱེད་ཀྱི་འབུལ་བ་རྣམས་བླ་བྲང་རང་ནས་བསྒྲུབས། གཞན་ཡང༌། རྩེ་གདོང་བླ་བྲང༌། བླ་བྲང་ཤར། སེང་གེ་རྩེ། ཆོས་རྫོང་པ། ལྷ་ས་པ། ལྷ་ཁང་པ། གཏིང་སྐྱེས་པ། གམ་པ་རྫོང་པ་ལ་སོགས་པ་རྣམས་ཀྱིས་ཀྱང་རང་རང་གི་དགོངས་པ་དང་བསྟུན་པའི་ཚར་མང་ཇ་འབུལ་བ་ལ་སོགས་པ་ཕུན་སུམ་ཚོགས་པ་བསྒྲུབས་ཤིང༌། ཟླ་བ་དེའི་ཕྱི་མའི་ཚེས་བཅོ་ལྔ་ལ། རྒྱལ་མཁར་རྩེ་ནས་གསེར་དངུལ། གོས་དར༌།