R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༤༠
[A:༡༤༠]འཇམ་དབྱངས་ཆེན་པོ་དང་རྗེ་འདི་ཉིད་ཀྱི་སྐུ་གདུང་ལྷན་ཅིག་ཏུ་ཞུགས་ལ་འབུལ་བའི་ཆོ་གའི་ཞབས་ཏོག །རྗེ་ཉིད་ཀྱི་ཞལ་སློབ་མཁས་པའི་དབང་པོ་དཀོན་ཅོག་ཚུལ་ཁྲིམས་པས་རྒྱུད་སྡེ་རིན་པོ་ཆེ་ནས་ཇི་སྐད་བཤད་པ་བཞིན་ལེགས་པར་བསྒྲུབས་ཤིང༌། དེའི་ཚེའང་ཞག་མང་པོའི་བར་དུ་ནམ་མཁའ་གཡའ་དག་པ་ལ། འཇའ་ཚོན་གྱི་ཕྲེང་བ་འཁོར་ཡུག་ཏུ་བཀྲམ་པའི་ཁྲོད་ན་ལྷ་རྫས་ཀྱི་མེ་ཏོག་གི་ཆར་ཉི་མའི་འོད་འགྲིབ་པ་ཙམ་དུ་བབས་པ་སོགས། དེར་འདུས་པའི་སྐྱེ་བོ་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བའི་ངོ་མཚར་གྱི་དགའ་སྟོན་བསམ་གྱིས་མི་ཁྱབ་པས་མཆོག་ཏུ་སྐལ་བ་བཟང་པོར་བྱས་སོ། །གདུང་ཁང་ཞལ་ཕྱེ་བ་ན་རྗེ་བཙུན་འཇམ་དབྱངས་ཆེན་པོའི་གདུང་རྣམས་ནི་གདུང་ལོག་འབའ་ཞིག་ཏུ་སོང་ཞིང༌། ལྷ་སྐུ་རིང་བསྲེལ་ཀྱང་ཐོར་བུ་བྱོན། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་གདུང་ཁང་གི་ལོགས་ལ་རྡོ་རྗེ་འཆང་ཆེན་པོ་སྐུ་མི་ཚད་ཙམ་དང༌། དེའི་དཔུང་ཟུར་གཡོན་པའི་འོག་ཙམ་དུ་སྟོབས་འཕྲོག་ནག་པོ་ཆེན་པོའི་སྐུ་བྲམ་ཟེའི་གཟུགས་རྐང་གང་ཙམ་རྒྱན་དང་སྐྱེ་མཆེད་ཐམས་ཅད་ཤིན་ཏུ་གསལ་བ་དུད་རིས་ལ་འཁྲུངས་ཤིང༌། སྐུ་གདུང་རྣམས་ལའང་ལྷ་སྐུ་རིང་བསྲེལ་ཁ་དོག་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་བྱོན། དེ་བཞིན་དུ་རང་རང་གི་མོས་པའི་དབང་གིས་སྐུ་གདུང་གང་དུ་སྤྱན་དྲངས་པའི་ས་ཕྱོགས་དང༌། གདུང་ཚར་བསྒྲུབས་པའི་ཚེ་ཡང་གོང་དུ་བརྗོད་པ་ལྟར། མེ་ཏོག་གི་ཆར་ཆེན་པོ་འབབ་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང༌། སྐུ་གདུང་ཞུགས་ལ་འབུལ་བའི་ཉིན་སྐྱེ་རྒུ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་བདག་ཆེན་ཆོས་རྗེ་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་གཙོ་མཛད།