[A:༡༤༡] གདན་སའི་གཞིར་བཞུགས་ཀྱི་དགེ་འདུན་སྐྱེ་བོ་ཁྲི་ཕྲག་ཙམ་ལ་གྲོ་རིལ་སྦྲགས་མ་མང་ཇ་ཉུང་ཇ། གང་ལ་གང་འོས་ཀྱི་འབུལ་བ། གསེར་དངུལ་གོས་དར་འབའ་ཞིག་གིས་བསྒྲུབས་ཏེ་ཐུགས་ཀྱི་དགོངས་པ་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་བྱས། དེ་དང་དུས་མཚུངས་སུ་བལ་པོའི་ཀཱིརྟི་པ་དཔོན་གཡོག་བདུན་དགེ་སྡིངས་སུ་སྤྱན་དྲངས་ཏེ། ནང་རྟེན་གསེར་ཟངས་ལས་གྲུབ་པའི་རྡོ་རྗེ་འཆང་ཆེན་པོའི་སྐུ་རྒྱབ་མཐོ་བཅུ་གསུམ་ཤིན་ཏུ་ངོ་མཚར་བ་བཟོ་ཕུད་ས་སྐྱ་པ་ཆེན་པོའི་སྐུ་འདྲ་རྐང་གང་བ་ཞིག་བཞེངས་ཏེ། ནང་བཞུགས་ཀྱང་རྗེ་ཡབ་སྲས་གསུམ་གྱི་སྐུ་གདུང་ལ་ཕལ་ཆེ་བ་གདུང་ཚར་བསྒྲུབས་པ་རྣམས་དང༌། གཞན་ཡང་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་མང་པོ་དང༌། བླ་མ་གོང་མ་རྣམས་ཀྱི་སྐུ་གདུང་རིང་བསྲེལ་བསམ་གྱིས་མི་ཁྱབ་པ་དང་བཅས་པ་བཞུགས་ཤིང༌། རབ་ཏུ་གནས་པའི་ཆོ་ག་རྒྱུད་སྡེ་རིན་པོ་ཆེ་ནས་བཤད་པ་ལྟར་གྱིས་མངའ་གསོལ་ནས། དད་ཅན་རྣམས་ཀྱི་ད་ལྟ་མཆོད་པའི་ཡུལ་དུ་རིན་ཆེན་སྒང་གི་གཙུག་ལག་ཁང་ན་བཞུགས། སྐུ་གདུང་ལྷག་མ་འགའ་ཞིག་ལ་རྡོ་རྗེ་འཆང་ཆེན་པོའི་གདུང་ཚ་ཁྲི་ཚོ་གཉིས་ཙམ་རིན་པོ་ཆེའི་ན་བཟས་སྤྲས་པ་བསྒྲུབས་ཏེ། ཕྱོགས་བཅུའི་བུ་སློབ་དད་ལྡན་རྣམས་ཀྱི་མཆོད་པའི་རྟེན་ཕུལ་ལོ། །གཞན་ཡང་བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་པ་བྱེ་བར་བསགས་པའི་སྡིག་བཅོམ་ནས། །ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །ཞེས་