R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༤༢
[A:༡༤༢]དང༌། གདུགས་དང་རྒྱལ་མཚན་རོལ་མོ་འཕན་ལ་སོགས། །དུང་དང་རྔ་ཆེན་རོལ་མོ་སོགས་ཀྱིས་མཆོད། །མཆོད་པ་བཅུ་དང་བཀྲ་ཤིས་ཚིག་བསྒྲགས་ན། །བསྐལ་པ་ཐེར་འབུམ་བསགས་པའི་ལས་དག་ནས། །ཟག་མེད་ཆོས་སྐུ་ཐོབ་ནས་གཟུགས་སྐུ་ཡི། །སྣང་བ་སྐྱེས་ནས་སྲིད་གསུམ་སྡུག་བསྔལ་སྒྲོལ། །ཞེས་དང༌། སྔར་བཤད་ཕྱག་འཚལ་ལ་སོགས་བཅུ་བྱས་ན། །དེ་དང་མཚུངས་པའི་དགེ་བ་འགའ་མི་རྙེད། །མཆོད་ན་འཁོར་ལོས་སྒྱུར་བའི་ས་ཐོབ་ནས། །སྐྱེ་བོ་མང་པོ་ཐར་པའི་ལམ་ལ་འགོད། །ཅེས་དང༌། དེ་ཚེ་བླ་མའི་ཡོན་ཏན་དྲན་པ་དང༌། །བཀའ་དྲིན་མཛད་པ་རྣམ་ཐར་བྱིན་རླབས་དང༌། །རྣམ་པ་ཆ་ལུགས་རྗེས་སུ་དྲན་བྱས་ནས། །དད་མོས་གུས་ཤིང་ཤིན་ཏུ་གདུང་བ་ཡིས། །ཐུན་མོང་མཆོག་གི་དངོས་གྲུབ་འདོད་པའི་བློས། །ཡང་དང་ཡང་དུ་གསོལ་བ་དྲག་ཏུ་གདབ། །དེས་ནི་མ་འོངས་འཁོར་གྱི་གཙོ་བོར་འགྱུར། །ཅེས་གསུངས་པ་ལྟར། རྗེ་ཉིད་ཀྱི་སྙན་བརྒྱུད་རྒྱ་མཚོའི་མངའ་བདག་བསྟན་འཛིན་ཀུན་གྱི་གཙོ་བོར་གྱུར་པ། རྗེ་བཙུན་རྡོ་རིང་པ་ཆེན་པོས་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཐུགས་ཀྱི་དགོངས་པ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་སླད་དུ། དཔལ་ཁའུ་བྲག་རྫོང་གི་རི་ཁྲོད་དུ་ཕྱི་རྟེན་རྣམ་རྒྱལ་མཆོད་རྟེན་ཆེན་པོ། ནང་རྟེན་གཙུག་ལག་ཁང་གསར་པ་རྨད་དུ་བྱུང་བ་གསུང་ངག་རིན་པོ་ཆེའི་བླ་མ་བརྒྱུད་པ་ཚང་མ་སྨན་སྐུ་རྡོ་སྐུ་ཚར་གཉིས། ངོ་མཚར་ཞིང་བྱིན་རླབས་ཀྱི་གཟི་འོད་འབར་བ་མཆོད་པའི་སྤྲིན་གྱི་ཕུང་པོ་དང་བཅས་པ་བཞེངས། དེ་དག་ལ་གཙོ་བོར་གསོལ་བ་འདེབས་ཤིང༌། རིམ་གཉིས་ཀྱི་རྣལ་འབྱོར་ལྷུར་ལེན་པའི་སྒྲུབ་སྡེའི་རྒྱུན་འཁོར་བ་