[A:༡༤༣]མ་སྟོངས་ཀྱི་བར་དུ་གནས་པ་དང༌། ལོ་དུས་ཀྱི་མཆོད་པ་བཅོམ་ལྡན་འདས་ཀྱེ་རྡོ་རྗེའི་སྒྲུབ་མཆོད་ཞག་མང་དུ་སྦྲེལ་བའི་རྒྱུན་ཟླ་བ་ངོ་རེ་བཞིན་ཚེས་བཞི་མཆོད་པའི་མང་ཇ་དང་བཅས་པ་ཆག་མེད་དུ་བསྒྲུབས། ཁྱད་པར་དུ་ཡང་བླ་མ་དམ་པ་མཉེས་པར་བྱས། །བླ་མའི་དྲིན་གྱིས་ཐོབ་པ་ཡི། །རྒྱུད་ལུང་མན་ངག་སྦྱིན་པར་བྱ། །ཆོས་འཆད་མ་གཏོགས་སེམས་ཅན་ལ། །ཕན་ཐོགས་མཆོག་གྱུར་གང་ཡང་མེད། །ཇི་ལྟར་འཁོར་ལོས་སྒྱུར་བ་ལ། །རྒྱལ་སྲས་བརྒྱ་སྟོང་ཡོད་མོད་ཀྱང༌། །མཚན་དང་མི་ལྡན་རྒྱལ་པོ་ཡི། །གདུང་བརྒྱུད་སོབ་པར་མི་ནུས་ན། །སྲས་ཀྱི་འདུ་ཤེས་ག་ལ་འབྱུང༌། །མཚན་ལྡན་གདུང་སོབ་ནུབ་པ་ལ། །ཡི་རང་ཤིན་ཏུ་དགྱེས་པ་ལྟར། །སློབ་མས་སེམས་ཅན་དོན་བསྒྲུབས་ནས། །བླ་མའི་བཞེད་པ་ཅིས་མི་འགྲུབ། །བླ་མ་མཉེས་པར་བྱེད་འདོད་ན། །སེམས་ཅན་དོན་ལ་རབ་བརྩོན་བྱ། །དེ་ཕྱིར་གཅིག་ཏུ་སེམས་ཅན་གྱི། །དོན་བསྒྲུབ་བྱའོ་མི་གདབ་ཅེས། །ཞེས་དང༌། བླ་མ་ཉིན་གཅིག་མཉེས་བྱས་ན། །བསྐལ་པ་བྱེ་བ་ཐེར་འབུམ་དུ། །བྱས་དང་བྱས་བཅུག་ཡི་རང་བའི། །སྡིག་ཅན་བཅོམས་ནས་སངས་རྒྱས་འགྱུར། །ཅེས་དང༌། གྲུབ་པ་བརྒྱད་དང་འཕྲིན་ལས་བཞི། །མངོན་ཤེས་སྤྱན་ལྔ་རྫུ་འཕྲུལ་གྱིས། །གཞན་དོན་འཕྲིན་ལས་བྱེད་པ་ཡང༌། །བླ་མའི་བཞེད་པ་བསྒྲུབས་ལས་བྱུང༌། །ཞེས་གསུངས་པ་ལྟར་བདག་ཆེན་རྡོ་རྗེ་འཆང་ཉིད་ཀྱི་དགོངས་བཞེད་ཀྱི་གཙོ་བོ་སྙན་བརྒྱུད་རིན་པོ་ཆེའི་བསྟན་པ་མི་ནུབ་ཅིང་རྒྱས་པའི་ཕྱིར་དུ། ཕ་བླ་མ་མཁས་གྲུབ་ཆེན་པོ་དེ་ཉིད་ཀྱིས་ངེས་དོན་ཟབ་མོའི་ངང་ལས་མ་གཡོས་བཞིན་དུ། ཚད་མ་སྙན་བརྒྱུད་བཞི་ལྡན་གྱི་