R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༤༤
[A:༡༤༤]གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱིས་གཙོ་བྱས། གསང་ཆེན་ཟབ་མོའི་ཆོས་ཀྱི་འཁོར་ལོ་རབ་མཆོག་གྱ་ནོམ་པར་བསྐོར་ནས། བསྟན་པའི་རྒྱལ་མཚན་རྣམ་པ་ཐམས་ཅད་དུ་འཛིན་པར་མཛད་པ་ཡིན་ལ། སླད་ཀྱིའང་བདག་ཅག་གི་རྗེ་བླ་མས་རྗེས་སུ་བཟུང་ཞིང༌། གསུང་ལས་སྐྱེ་པའི་སྐལ་པ་བཟང་པོའི་པད་མཚོ་མདངས་གསལ་བ་ལ་རྣམ་དཔྱོད་ཀྱི་འདབ་མ་ཕྱོགས་བརྒྱར་འགོད་པའི་གེ་སར་སྙིང་པོར། སྙན་བརྒྱུད་ཀྱི་སྦྲང་རྩི་འཛིན་པའི་དཔལ་ཡོན་ཅན་དག་གིས་སྐལ་ལྡན་གྱི་བུང་བ་མཐའ་ཡས་པ་གསང་ཆེན་གྱི་བདུད་རྩིས་ངོམས་པར་བྱས་ནས། ལུང་རྟོགས་ཀྱི་དར་དིར་ནམ་མཁའི་མཐའ་ཀླས་པར་སྒྲོག་པ་ནི་བསམ་པའི་ར་བ་ལས་འདས་པ་ཡིན་ནོ། །དེ་བཞིན་དུ་རློམ་པ་གཞན་ཡོད་ནའང་དེ་ལྟར་གྱིས་ཤིག་ཁོ་བོ་ཅག་གིས་འདྲེན་བྱེད་ཀྱི་རྡུལ་ལན་བརྒྱར་ཕྱིས་ཏེ་ལྟ་བར་བྱའོ། །སྨྲས་པ། ཆད་པར་རློམ་པར་སྐྱེ་བོའི་ཆོ་འཕྲུལ་བསྟན། །རྟག་པར་ཞེན་ཚེ་ཆོས་དབྱིངས་ངང་དུ་གཟིམས། །སྣང་སྟོང་སྒྱུ་མའི་རོལ་རྩེད་ཅི་ཡང་རྩེན། །ཡབ་གཅིག་ཧེ་རུ་ཀ་དཔལ་སྒྱུ་འཕྲུལ་ཅན། །ད་ནི་ཁྱོད་ཀྱི་སྒྱུ་འཕྲུལ་བརྡས་བསྟན་པའི། །སྲིད་ཞིའི་སྣང་བརྙན་རྨི་ལམ་ཟློས་གར་འདིར། གཞན་ན་མ་མཆིས་རང་སེམས་གཅིག་པུའི་འཕྲུལ། །སེམས་ཉིད་ངོ་བོ་རྟོགས་བྱ་རྟོགས་བྱེད་བྲལ། །རུས་སྦལ་སྤུ་ཡིས་ནམ་མཁའི་པདྨ་ཁེབས། །ཆུ་ནང་ཟླ་བ་བྲག་ཅའི་སྒྲ་ཡིས་བོས། །རི་བོང་རྭ་ཡིས་མོ་གཤམ་ཕྲུག་གུ་བསད། །སྔོན་ཆད་དོན་མེད་འཁྲུལ་པས་རང་མགོ་སྐོར། །བལྟ་རྒྱུ་མེད་པའི་སེམས་ལ་ད་ནི་བལྟ། །མཐོང་རྒྱུ་མེད་པའི་དོན་ནི་ཁོ་བོས་མཐོང༌། །བརྗོད་རྒྱུ་མེད་པ་ཚིག་ཏུ་ཅི་ཞིག་བརྗོད། །ཀྱེ་ཧོ་ད་ནི་ཉམས་ལེན་ཟད་དོ་ཀྱེ། །