[A:༡༤༥]ཡང་སྨྲས་པ། མེད་བཞིན་སྣང་ལ་སྣང་བཞིན་མེད། །བདེན་ན་འཁྲུལ་ལ་འཁྲུལ་ན་བདེན། །སྨྲ་ཞིང་མང་ལ་མང་ཞིང་སྨྲ། །རྟོགས་ན་མཁས་པ་མཁས་ན་རྟོགས། །དེ་སྐད་སྨྲ་བའི་སྤྲང་པོ་བློ་གསལ་དེས། །སྙིང་ལ་བས་མཐའི་རི་ཁྲོད་བསམ་བཞིན་དུ། །ད་དུང་བཞི་མདོར་བཏང་སྙོམས་ངང་དུ་ལུས། །བདག་ཆེན་ཆོས་རྗེས་དབྱིངས་ནས་ཐུགས་རྗེས་གཟིགས། །ཇི་ལྟར་བདག་ནི་ཕྱུགས་བདག་རྫི་བོ་བཞིན། །བླུན་པོ་བརྒྱ་ཕྲག་ཚོགས་པའི་དོ་ར་རུ། །ཤེས་ལྡན་མཁས་པ་གཅིག་པུར་གནས་བྱེད་པ། །སྔོན་ལས་ཞེས་བྱའི་གྲགས་ལྡན་དེ་ཡིན་ལོ། །འོན་ཀྱང་དམ་པའི་བཀའ་དྲིན་སྙིང་ལ་ཞུགས། །སྐལ་ལྡན་ཚོགས་ན་ལེགས་བཤད་སྤེལ་བས་མཆོག །གཅིག་པུར་འདུག་ན་སེམས་ལ་ལྟས་པས་ཆོག །ཇི་ལྟར་བྱས་ན་བདེ་བ་བླ་མའི་དྲིན། །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ་ཞེས་བྱ་བ་ལས། རྣམ་པར་གྲོལ་བའི་སྐུ་མངོན་དུ་མཛད་པའི་ཚུལ་འཕྲོས་དོན་དང་བཅས་པའི་སྐབས་ཏེ་བཅུ་གཅིག་པའོ།། །།དེ་ལྟར་ན་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བཞེད་པ་ལ། འོ་སྐོལ་གྱི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་དེ་ཉིད་མེ་མོ་ཡོས་ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་ལ་སྐུ་བལྟམས། བརྒྱད་ཅུ་རྩ་གཅིག་པ་ས་ཕོ་བྱི་བའི་ལོ་འགོ་རྩོམ་པ་ན་མྱ་ངན་ལས་འདས་ཤིང༌། དེ་ཉིད་ཀྱི་བསྟན་པ་ལོ་ལྔ་སྟོང་གནས་པའི་དབང་དུ་བྱས་ནས། ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོ་ལས་གསུངས་པ་ལྟར། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་