R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༤༧
[A:༡༤༧]ཞིང་འདིར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། སྲིན་པོ་ཞེས་བྱ་བ་ཤིང་མོ་ཡོས་ཀྱི་ལོ་ལ་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན། དེ་ལྟར་ན་སྟོན་པ་མྱ་ངན་ལས་འདས་ནས། བདག་ཉིད་ཆེན་པོ་འདི་ཞིང་གཞན་དུ་བྱོན་པའི་ཚུལ་བསྟན་པ་ཡན་ལ་ལོ་སུམ་སྟོང་དྲུག་བརྒྱ་སུམ་ཅུ་རྩ་གཉིས་འདས་པ་ཡིན་ལ། ད་ནི་ལྷག་མ་སྟོང་དང་སུམ་བརྒྱ་དྲུག་ཅུ་རྩ་བརྒྱད་གནས་པར་ཤེས་པར་བྱའོ། །སྨྲས་པ། བདེ་འབྱུང་དབང་པོས་ཟླ་ཤེལ་གཙུག་གི་ནོར་བུར་མཆོད་ན་ཁྱོད་ཞབས་སྤྱི་བོར་མི་མཆོད་ཅི། །གསེར་མངལ་འོད་ཀྱིས་མཛེས་མ་ལ་ཆགས་གདོང་བཞི་སྤྲུལ་ན་ཁྱོད་ཞབས་བལྟ་འདོད་སྐལ་བཟང་མཆོག །བྷྲ་མའི་བུ་མོས་གཏུམ་བུ་དགའ་སྟེར་རྒྱུད་མང་སྒྲོག་ན་ཁྱོད་མཉེས་བསྟོད་སྤྲིན་ཅེས་མི་སྤྲོ། །བློ་གསལ་རྟོགས་བརྗོད་མཆོད་སྦྱིན་བརྒྱ་པས་ལན་བརྒྱར་བསྔགས་ན་དམ་པའི་རྣམ་ཐར་མི་སྨྲ་གང༌། །དེ་སླད་བློ་གསལ་མང་ཐོས་པདྨའི་ཚལ། །གསང་ཆེན་ནོར་བུས་ཡོངས་གང་ཆུ་གཏེར་ལས། །སྙན་ངག་སྲད་བུར་བརྒྱུས་པའི་རྟོགས་བརྗོད་ཀྱིས། །ཡིད་འཕྲོག་ཨུཏྤལ་དོ་ཤལ་འདི་བྱུང་ངོ༌། །སྐལ་བཟང་དད་པའི་ལང་ཚོ་གསར་པ་ཅན། །རྣམ་དཔྱོད་བཞིན་རས་གསལ་བའི་གཞོན་ནུ་དག །བྱིན་རླབས་དངོས་གྲུབ་རྩེ་དགར་རོལ་འདོད་ན། །རྨད་བྱུང་གཏམ་འདི་མགྲིན་པའི་རྒྱན་དུ་ལོང༌། །ནོར་འཛིན་ཁྱོན་གྱི་རྡུལ་ཕྲེང་ཇི་སྙེད་པ། བགྲང་བར་རློམ་པའི་ངལ་བས་ཅི་ཞིག་བྱ། །དེ་ཕྱིར་བདག་ལྟས་དམ་པའི་ཡོན་ཏན་ནི། །ཆ་ཤས་ཙམ་ཡང་བརྗོད་པར་ག་ལ་སྤོབས། །དེ་ལྟར་ནའང་ཡིད་བཞིན་ཆུ་མཚོ་ཡི། །རིན་ ཆེནཅེན་མཐའ་དག་བླང་བར་མ་ནུས་ནའང༌། །ནོར་བུ་གཅིག་གིས་འདོད་རྒུ་སྟེར་བ་ལྟར། །