[A:༥༣]རྒྱས་ཤིང་ཆེ་བ་ཡིན་ཟེར། སྒྲོལ་མས་ལུང་བསྟན་བཞིན་སྲས་སྐུ་མཆེད་རྣམས་ཀྱང་དགུང་ལོ་ལྔ་བཅུ་རྩ་གཅིག་ཡན་ཆད་ལ་བྱོན། ང་གཉིས་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་མཛད། མཚན་ཨ་མོ་གྷ་དྷྭ་ཛཾ་ཤྲཱི་པཱ་ལ་ཞེས་བཏགས། དེ་ལྟར་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་དེ་དགུང་ལོ་དྲུག་ཅུ་རྩ་གསུམ་པ་ཤིང་ཕོ་བྱི་བའི་ལོ་ལ་བཞི་ཐོག་གཟིམས་ཁང་དུ་ཞི་བར་གཤེགས་སོ། །དེ་ལྟར་བླ་མ་བདག་ཉིད་ཆེན་པོས་བཙུན་མོ་བདུན་ཁབ་ཏུ་བཞེས་པ་ལས་སྲས་བཅོ་ལྔ་སྲས་མོ་གཉིས་ཏེ་བཅུ་བདུན་འཁྲུངས་པ་ལས། སྲས་ཐོག་མ་གཉིས་གཞོན་ནུ་ལ་གཤེགས་སོ། །དེ་འོག་བླ་ཆེན་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་སྐྱེས་སྟོབས་ཀྱི་ཐུགས་རབ་ཆེ་ཞིང་ལུང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བས་དགུང་ལོ་བཅུ་གཉིས་པ་ལ་གོང་མ་རྒྱལ་པོའི་ཏི་ཤྲི་མཛད། དགུང་ལོ་ཉེར་དྲུག་པ་ལ་བླ་མ་བདག་ཉིད་ཆེན་པོ་སྐུ་གཤེགས་རྗེས་སུ་གཅུང་རྣམས་ལ་བླ་བྲང་ཁག་བཞི་སོ་སོར་བགོས་ཏེ་གནང༌། དེའང་མཁས་བཙུན་ནམ་མཁའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་དང༌། གུ་ཤྲི་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་སྟེ་སྐུ་མཆེད་གཉིས་ལ་ཤེལ་གྱི་ཐམ་ཁ་དང་བཞི་ཐོག་བླ་བྲང་གནང༌། འདི་དག་གི་གདུང་བརྒྱུད་རྣམས་ལ་དང་པོ་བཞི་ཐོག་བླ་བྲང་པ་ཟེར། ཕྱིས་སུ་ཆུ་མིག་བླ་བྲང་པ་ཟེར་ཏེ་བདག་ཆེན་བློ་གྲོས་དབང་ཕྱུག་པ་ཡན་གྱིས་གདུང་བརྒྱུད་རྫོགས་ནས་དེང་སང་མི་བཞུགས་ཏི་ཤྲི་ཀུན་དགའ་ལེགས་པའི་འབྱུང་གནས་དཔལ་བཟང་པོ་དང༌། དེའི་གཅུང་ཏི་ཤྲི་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་སྐུ་མཆེད་ལ་གསེར་གྱི་ཐམ་ཁ་དང་ལྷ་ཁང་བླ་བྲང་གནང༌། འདི་དག་གི་