[A:༥༤]བརྒྱུད་པ་ལ་ལྷ་ཁང་བླ་བྲང་བ་ཟེར། དེང་སང་ལ་སྟོད་གཅུང་དང་ཁམས་ཕྱོགས་ན་བཞུགས་པའི་བདག་པོ་བྱང་པ་གྲགས་པ་དེ་ཡིན། ཏཱ་དབེན་གུ་ཤྲི། དེའི་གཅུང་འཇམ་དབྱངས་དོན་ཡོད་རྒྱལ་མཚན་པ། དེའི་གཅུང་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་སྟེ་སྐུ་མཆེད་གསུམ་ལ་ཤེལ་གྱི་ཐམ་ཁ་དང་རིན་ཆེན་སྒང་བླ་བྲང་གནང༌། འདི་དག་ལ་དང་པོ་རིན་ཆེན་སྒང་བླ་བྲང་པ་དང༌། ཕྱིས་སུ་དགེ་སྡིངས་བླ་བྲང་པར་གྲགས། བདག་ཆེན་རྡོ་རྗེ་འཆང་ཆེན་པོ་ཡན་གྱི་གདུང་བརྒྱུད་རྫོགས་ནས་དེང་སང་ཆོས་བརྒྱུད་འཛིན་པ་ཤ་སྟག་ཡིན། སའི་ལེན་དབང་ཀུན་དགའ་ལེགས་པའི་རྒྱལ་མཚན་དཔལ་བཟང་པོ་ལ་དུས་མཆོད་བླ་བྲང་དང་གསེར་གྱི་ཐམ་ཁ་གནང༌། འདི་པའི་སྒོས་ཀྱི་གདུང་བརྒྱུད་ལ་དང་པོ་དུས་མཆོད་བླ་བྲང་པ་དང༌། དེང་སང་རྩེས་གདོང་བླ་བྲང་པར་གྲགས་ཤིང་ལུགས་གཉིས་ཀྱི་སྒོ་ནས་དར་ཞིང་རྒྱས་པར་བཞུགས་སོ། །དེ་ལས་གཞན་པའི་སྲས་རྣམས་ཆུང་ངུ་ལ་གཤེགས། ལྕམ་མོ་རྣམས་མཚན་མ་སྨོས་སོ། །ད་བྱེ་བྲག་ཏུ་རིན་ཆེན་སྒང་བླང་བྲང་པའི་ཐོག་མ་ནི། བདག་ཉིད་ཆེན་པོའི་བཙུན་མོ་དྲུག་པ་ཞྭ་ལུ་སྐུ་ཞང་མགོན་པོ་དཔལ་གྱི་སྲས་མོ་མ་ཅིག་གཞོན་ནུ་འབུམ། དེ་ལ་སྲས་སྐུ་མཆེད་གསུམ་འཁྲུངས་པའི་གཅེན་ཏཱ་དབེན་ཀུན་དགའ་ཉི་མ་གཞོན་ནུ་ནས་ཡབ་མེས་ཀྱི་ཆོས་རྣམས་ལ་མཁས་པར་སྦྱངས། གོང་མ་རྒྱལ་པོ་ཏ་དབེན་གུ་ཤྲིའི་མཚན་ཤེལ་ཐམ་ཆེ་བ་ཐོ་ཤུ་དང་བཅས་པ་གནང༌། བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས་ཆུ་ཕོ་ཁྱི་ལོ་ལ་ཕོ་བྲང་ཆེན་པོ་ཉིད་དུ་གཤེགས་སོ། །དེའི་གཅུང་འཇམ་དབྱངས་དོན་ཡོད་རྒྱལ་མཚན་ནི། ལྕགས་ཕོ་ཁྱི་ལོ་ལ་ཞྭ་ལུ་ཁང་གསར་དུ་འཁྲུངས། སྐྱེ་བ་བདུན་པའི་མཚན་ཉིད་