R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༥༥
[A:༥༥]མངའ། ཡོངས་འཛིན་དམ་པ་མང་པོ་རབ་ཏུ་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཇི་སྙེད་པ་ལ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པ་མཛད། འཆད་རྩོད་རྩོམ་གསུམ་གྱི་དུས་འདའ་བས་གདན་སའི་ཚོགས་ཆེན་པོར་རྣམ་འགྲེལ། རིགས་གཏེར། མངོན་པ་གོང་འོག །མདོ་སྡེ་རྒྱན། སྤྱོད་འཇུག །ཐུབ་པ་དགོངས་གསལ་ཏེ་ཐུན་བདུན་བདུན་གསུངས། ཉིན་རེ་ལ་དུང་ཐེངས་བདུན་བདུན་འབུད་པ་བྱུང༌། གཞན་ཡང་གང་ལ་གང་དགོས་ཀྱི་ཆོས་ལྷུག་པར་གསུངས་ནས་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་གསལ་བར་མཛད་པ་ཡིན། གོང་ནས་ཏཱ་དབེན་གུ་ཤྲིའི་མཚན་དང༌། ཤེལ་ཐམ་ཐོ་ཤུ་དང་བཅས་པ་གནང༌། བསྟན་བཅོས་བོད་དུ་འགྱུར་རོ་ཅོག་བཞེངས། ཕྱིས་སུ་མཁན་ཆེན་བསོད་ནམས་གྲགས་པའི་དྲུང་དུ་གཅུང་དང་ལྷན་ཅིག་བོ་དོང་བྱ་རྒོད་གཤོངས་སུ་བསྙེན་རྫོགས་མཛད། བླ་མ་འདི་ཉིད་ལས་དག་པ་འགས་འཇམ་དབྱངས་སེངྒེ་ལ་ཆིབས་པར་མཐོང༌། དགུང་ལོ་སོ་བཞི་བཞེས་པ་ཤིང་ཕོ་སྤྲེའུའི་ལོ་ཟླ་བ་ལྔ་པའི་ཚེས་བཅུ་གཅིག་ལ་རིན་ཆེན་སྒང་གོང་མར་བདེ་བར་གཤེགས། ནང་རྟེན་འཇམ་དབྱངས་ཀྱི་རྟེན་དང་བཅས་པ་རིན་ཆེན་སྒང་ན་བཞུགས་སོ། །བླ་མ་དེ་པའི་གཅུང་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཡབ་ང་གཅིག་པ་ཆུ་ཕོ་བྱི་བའི་ལོ་ལ་ཞ་ལུ་ཁང་གསར་དུ་འཁྲུངས། དགུང་ལོ་བརྒྱད་པ་ལ་ཆེ་འདོན་མཛད། རྒྱུད་ཀྱི་བཤད་པ་བཞེད་སྲོལ་དུ་མ་དང་བཅས་པས་ཀུན་ཡ་མཚན་དུ་གྱུར། བཅུ་བདུན་པ་ལ་རབ་ཏུ་བྱུང༌། ཉི་ཤུ་པ་ལ་བསྙེན་རྫོགས་མཛད། རང་གི་ཡབ་བདག་ཉིད་ཆེན་པོ་དང་ཏི་ཤྲི་ཀུན་བློ། མཁས་བཙུན་ནམ་མཁའ་ལེགས་པ། ཏི་ཤྲི་ཀུན་རྒྱལ།