R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༦༠
[A:༦༠]མཐར་སོན་པའི། །ཨུ་རྒྱན་མཁན་པོས་ཞབས་རྡུལ་གཙུག་གིས་བསྟེན། །གསང་ཆེན་བདུད་རྩིས་ཐུགས་ཀྱི་བུམ་བཟང་གཏམས། །རིགས་ཀྱི་ཐིག་ལེ་གྲུབ་དབང་བལ་པོའི་མཚན། །རིགས་སྔགས་གྲུབ་པའི་སྔགས་འཆང་འཁོན་རོག་སོགས། །ཁྲག་འཐུང་ཡང་ཕུར་ཁྲོས་པས་ཞལ་མཐོང་ཞིང༌། །སྲ་བརྟན་བྲག་ལ་འདམ་བཞིན་ཕུར་པ་འདེབས། །བས་མཐའི་གནས་སུ་མཁའ་ལ་བྱ་ལྟར་ལྡིང༌། །དབྱིངས་ཕྱུག་མ་མོ་བདུད་ནག་ཐོད་ཕྲེང་དང༌། །གངས་ཅན་སྐྱོང་བའི་མ་མོ་བཅུ་གཉིས་སོགས། །བཀའ་ཡི་སྤྲིངས་ཡིག་རལ་པའི་རྒྱན་དུ་འཛིན། །དེ་ནས་རྗེ་བཙུན་དཀོན་ཅོག་རྒྱལ་པོ་ཞེས། །མཁས་དང་གྲུབ་པའི་འདབ་བཟང་དབང་པོ་དེས། །གསང་ཆེན་གསར་པའི་པདྨའི་ཆུ་གཏེར་རྙེད། །སྐལ་བཟང་ངང་པའི་བསྟི་གནས་དམ་པར་གྱུར། །གངས་ཅན་རི་བོའི་ཁོང་འདི་མ་ག་དྷ། །ཆུ་ཤེལ་འཛིན་མའི་སྤོ་ལ་རྡོ་རྗེའི་གདན། །བྱང་ཕྱོགས་སྐྱེ་རྒུའི་དཔལ་དུ་འཕོས་འདྲ་བའི། །སྲས་བཅས་རྒྱལ་བའི་ཕོ་བྲང་གཙུག་ལག་ཁང༌། །གང་དེར་རྗེ་བཙུན་འཇམ་པའི་རྡོ་རྗེ་ཉིད། །གོས་དཀར་ལྕང་ལོའི་ཟོལ་གྱིས་གསང་ཆེན་སྐྱོང༌། །ལ་ལར་ངུར་སྨིག་འཛིན་པའི་གར་གྱིས་རོལ། །ཐུབ་བསྟན་རྒྱལ་མཚན་སྲིད་མཐར་འཛིན་པ་ལ། །ས་སྐྱ་པ་ཞེས་སྙན་པའི་རྔ་གསང་ནི། །ཁོར་ཡུག་རི་བོའི་བར་དུ་ལྷང་ངེ་བ། །ཡོངས་འདུ་དག་ལ་རྐང་འཐུང་གཉིས་པ་བཞིན། །ས་ཆེན་འདི་ན་འགྲན་ཟླས་དབེན་པར་གྱུར། །དེར་ནི་སྟོབས་ལྡན་རྒྱལ་པོ་སེ་ཆེན་གྱིས། །ཤིང་སྒོ་འཛིན་པའི་བོད་ཡུལ་ཆོལ་ཀ་གསུམ། །ཆོས་ཀྱི་རྒྱལ་པོར་ཕུལ་བས་བྱང་ཕྱོགས་ན། །གང་འདིའི་འབངས་སུ་