[A:༦༥]གཞན་ནས་རྙེད་པར་མི་འགྱུར་བས། །དད་ལྡན་ཡོད་ན་བླང་བར་གྱིས། །ཞེས་དང༌། དེ་ལྟའི་བློ་གྲོས་གང་གི་མཐུས་བྱུང་བ། །མཁྱེན་བརྩེ་མཐུ་སྟོབས་མཆོག་གི་འབྱོར་པ་ཅན། །དཔལ་ལྡན་བླ་མ་ནམ་མཁའི་མཚན་ཅན་ཞབས། །འདྲེན་མཆོག་དེ་ཡི་དྲིན་ལས་རྙེད་པར་གྱུར། །ཅེས་གསུངས་པ་རྣམས་ཀྱིས་གསལ་བར་ཤེས་པ་ཡིན་ནོ། །གཞན་ཡང་ས་དང༌། རིན་པོ་ཆེ་དང༌། གོས་དང༌། ལྗོན་ཤིང་དང༌། རྟ་གླང་དང༌། སྐྱེ་བོ་ཕོ་མོ་བརྟག་པ་སྟེ་བརྟག་པ་རྣམས་པ་བརྒྱད་ལ་སོགས་པ་ལུགས་ཀྱི་བསྟན་བཅོས་མཐའ་དག་ལའང་ལེགས་པར་སྦྱངས་པའི་སྒོ་ནས་རྒྱལ་པོ་ལ་སོགས་པ་འཇིག་རྟེན་པ་རྣམ་ཀྱང་རབ་ཏུ་མགུ་བར་བྱེད་པའི་ངང་ཚུལ་ཅན་ཞིག་ཡིན་ནོ། །བྷོ་ཊའི་ལྗོངས་ཀྱི་ནོར་འཛིན་ཐིག་ལེ་ནི། །ཀུནྡ་དོང་ཀ་བནྡྷུ་ཛཱི་ཝ་ཀཿ ཟར་མ་ཧ་ལོའི་མེ་ཏོག་མདངས་འཕྲོག་པའི། །རིན་ཆེན་སྒོ་གླེགས་ཕྱེ་བའི་ཡུལ་གྱི་གྲུ། །འཆི་མེད་དབང་པོའི་གྲོང་ཁྱེར་ས་ལ་ནི། །བབས་འདྲ་གཡང་གྲོང་ཞེས་བྱའི་བསྟི་གནས་སུ། །དགེ་མཚན་བྱེ་བའི་དཔལ་དང་ལྷན་ཅིག་ཏུ། །མགོན་ཁྱོད་རྡོ་རྗེའི་སྐུ་མཆོག་བལྟམས་པར་གྱུར། །ཆུ་གཏེར་བསྲུབས་ལས་ཟླ་ཚེས་ནི། །བདེ་འབྱུང་གཙུག་ན་འོད་དཀར་བཞད། །དམ་པ་མཁའ་འགྲོའི་ཆུ་སྐྱེས་ལས། །ལེགས་འཁྲུངས་འགྲོ་འདི་གཙུག་གིས་བསྟེན། །རྟ་བདུན་དབང་པོ་ཤར་བ་ན། །འདབ་བརྒྱའི་སྤུ་ལོང་གཡོ་བ་ཡི། །འདམ་སྐྱེས་འཛུམ་དཀར་ཕྲེང་བ་རྒོད། །འབྱུང་ངོ་ཡང་ནི་དབྱིག་ལྡན་མར། །འདི་ལྟའི་བཞིན་པད་འདྲེན་བྱེད་ཀྱིས། །ཟེའུ་འབྲུའི་གེ་སར་གསར་པ་