[A:༦༦]འདིས། །བུང་བ་དགའ་བར་མ་ཟད་ཀྱི། །ངང་པའི་བུ་མོ་ཀུན་ཡིད་འཕྲོག །འཇམ་དབྱངས་བླ་མའི་གསུང་གི་བདུད་རྩིའི་རྒྱུན། །གསང་ཆེན་ཟབ་མོའི་བཅུད་ཀྱི་སྙིང་པོ་དེས། །ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བ་ལས། །གངས་ཅན་རྡོ་རྗེ་འཛིན་པའི་དེད་དཔོན་གྱུར། །ཁྱོད་ཐུགས་འོད་གསལ་དག་པའི་མེ་ལོང་དུ། །མཐུ་ལྡན་སྲུང་མའི་སྒྱུ་འཕྲུལ་རོལ་རྩེད་དང༌། །ལྐོག་གྱུར་ཤེས་བྱའི་སྣང་བརྙན་ཅི་ཡང་ཤར། །ཐོགས་མེད་མངོན་མཁྱེན་མངའ་བར་ཡོངས་སུ་གྲགས། །ལུགས་ཀྱི་བསྟན་བཅོས་སྦྲང་རྩི་འཛིན་པའི་གཞི། །འདི་ཡི་བློ་གྲོས་ཆུ་སྐྱེས་གསར་པའི་ཚལ། །རབ་ཡངས་དྲི་བསུང་གསིལ་ཡབ་གཡོ་བ་ཡིས། །ཤེས་ལྡན་སྐྱེ་བོའི་སྙིང་ལ་སིམ་པ་སྟེར། །བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ་ལས་གཞོན་ནུ་རོལ་རྩེད་མཛད་ཅིང་ཡབ་ལས་ཐོག་མར་བཀའ་དྲིན་ནོས་པའི་སྐབས་ཏེ་གཉིས་པའོ།། །།འཁོར་བའི་གྲོང་ཁྱེར་མེ་འོབས་ལྟར་གཟིགས་ནས། །ཐུབ་བསྟན་པད་མཚོར་ཞུགས་ཏེ་གངས་ཅན་གྱི། །མཁས་གྲུབ་ཡོངས་ཀྱི་གཙུག་གིས་བསྟེན་པའི་ཁྲིར། །ཞབས་སེན་པདྨ་བཀོད་ལ་ཕྱག་འཚལ་ལོ། །དེས་ན་བཅོམ་ལྡན་འདས་ཀྱི་མདོ་ལས། ཁྱིམ་པ་རྣམས་ནི་མེ་འོབས་ན་གནས་པ་ལྟ་བུའོ། །རབ་ཏུ་བྱུང་བ་ནི་བསིལ་བའི་ཁང་པ་ན་གནས་པ་ལྟ་བུའོ། །ཞེས་སོགས་དང༌། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་བསྟེན་ལགས་པར་གསུངས། །ཞེས་སོགས་གསུངས་པ་ལྟར། འཁོར་བའི་ཁྱིམ་ཐབ་ནི་འཇིགས་ཤིང་ཉམ་ང་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བར་གཟིགས། མཐོ་རིས་དང་བྱང་ཆུབ་སྒྲུབ་པའི་ལམ་ཐམས་