[A:༦༧]ཅད་ཀྱི་མེད་དུ་མི་རུང་བའི་གཞི་ཆེན་པོ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཁོ་ནར་དགོངས་ཏེ། ངེས་པར་འབྱུང་བའི་ཐུགས་ཀྱི་བསམ་པ་སྟོན་གྱི་ཟླ་བ་ལྟར་དཀར་ཞིང་དྲི་མ་མེད་པས་ཀུན་ནས་བླངས་ཏེ། དགུང་ལོ་བདུན་པ་རབ་མྱོས་ཞེས་བྱ་བ་ལྕགས་ཕོ་རྟའི་ལོ་ལ། བྱང་ཕྱོགས་ཤམྦྷ་ལའི་རིགས་ལྡན་གྲགས་པ་གངས་རིའི་ཁྲོད་འདིར་ངུར་སྨྲིག་གི་བླ་གོས་ཀྱི་རྣམ་པར་རོལ་པའི་འཇམ་དབྱངས་དཀོན་ཅོག་བཟང་པོ་ཞེས་མཚན་ཡོངས་སུ་གྲགས་པའི་ངེས་དོན་རྒྱ་མཚོའི་མངའ་བདག་ཆེན་པོ་དེ་ཉིད་དགེ་སྡེངས་བླ་བྲང་དུ་སྤྱན་དྲངས་པའི་དྲུང་དུ་ཁྱིམ་པའི་རྟགས་མཐའ་དག་བཞི་མདོའི་རྩྭ་ལྟར་དོར་ཞིང་ངུར་སྨྲིག་གི་རྒྱལ་མཚན་སོགས་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་བཞེས་པའི་སྒོ་ནས་བར་མ་རབ་བྱུང་དུ་བསྒྲུབས་ཏེ། བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གསོལ་ལོ། །དེ་ནས་དམ་པ་དེ་ཉིད་ཀྱི་ཞབས་ཕྱིར་འབྲངས་ཏེ་ཉང་སྟོད་དཔལ་འཁོར་བདེ་ཆེན་ཆོས་སྡེ་ཆེན་པོར་ཕེབས་པའི་ཚེ་བླ་མ་ཡང་རྩེ་བ་ཟེར་བའི་དཔལ་མགོན་ཞལ་བཞི་པའི་གྲུབ་ཐོབ་ཏུ་གྲགས་པ་ཞིག་གིས་གང་ཟག་ཅིག་ལ་དཔལ་མགོན་གྱི་རྗེས་གནང་བྱས་པས་འཁུ་ལྡོག་གི་རྣམ་པས་ཁོང་པ་ཞལ་ལྐུགས། ཅི་བྱ་བརྟོལ་མེད་དུ་གྱུར་ནས་རྗེ་འདིའི་དྲུང་དུ་ཐོགས་མེད་དུ་བྱོན་བྱུང་ནས། མགོ་ཐོག་ཏུ་སྤྱན་དྲངས་ཟེར་བའི་བརྡ་བྱས་འདུག་པས། སློབ་དཔོན་དཔལ་མཆོག་པས་རྗེ་འདི་ཉིད་པང་དུ་བླངས་ནས་ཁོང་གི་དབུ་ཐོག་ཏུ་བཞག་པས་དེ་གའི་མོད་ལ་གསུང་འབྱོན་པའང་བྱུང་ཞིང་མི་ཕྱེད་པའི་དད་པ་ཐོབ་པ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང༌། དགུང་ལོ་བརྒྱད་པ་སྐྱེས་བདག་ཅེས་བྱ་བ་ལྕགས་