[A:༦༨]མོ་ལུག་གི་ལོ་ལ་རྗེ་བཙུན་གཅེན་དང༌། ལྷན་ཅིག་ཏུ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་ཆེ་འདོན་མཛད་ཅིང་ཚངས་པའི་དབྱངས་ལྟ་བུའི་གསུང་གིས་དམ་པའི་ཆོས་ཀྱི་བཀའ་དྲིན་སྩལ་བ་ན་བློ་གསལ་མཁས་པའི་ཚོགས་རྣམས་ངོ་མཚར་ཞིང་མི་ཕྱེད་པའི་དད་པ་ཐོབ། དེ་ལས་གཞན་པའི་སྐྱེ་བོ་རྣམས་ནི་ཞལ་མཐོང་གསུང་ཐོས་པའི་བག་ཆགས་ཁྱད་པར་ཅན་རྒྱུད་ལ་བཞག་ཅིང་ཟང་ཟིང་གི་སྦྱིན་པས་ཡིད་རབ་ཏུ་ཚིམ་པར་མཛད། དེ་ཡང་དགའ་སྟོན་གྱི་ཡོ་བྱད་རྣམས་དགེ་སྡིངས་བླ་བྲང་རང་ནས་མཛད་ཅིང་རྣམ་གཞག་གི་ཡོ་བྱད་གང་དགོས་པ་རྣམས་འཇམ་དབྱངས་དཀོན་ཅོག་བཟང་པོའི་དྲུང་གིས་འབུལ་བ་གནང༌། སླར་ཡང་དགུང་ལོ་དགུ་པ་ནས་བཅུ་གསུམ་པ་འཛིན་བྱེད་ཅེས་བྱ་བ་མེ་ཕོ་བྱི་བའི་ལོའི་བར་འཇམ་དབྱངས་ཆོས་རྗེ་དེ་ཉིད་ཀྱི་ཕྱག་ཕྱིར་ཉང་སྟོད་ཕྱོགས་སུ་ཕེབས་ཤིང་སློབ་དཔོན་དཔལ་མཆོག་པར་གྲགས་པས་ཀྱང་ཟུར་སློབ་ཀྱི་ཚུལ་གྱིས་ཞབས་ཏོག་མཛད། རྗེ་དེ་ཉིད་ཀྱི་དྲུང་དུ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ། འགྲེལ་པ་འགྲེལ་བཤད་དང་བཅས་པ། སྡེ་བདུན་གྱི་སྙིང་པོ་ཚད་མ་རིགས་པའི་གཏེར་རང་འགྲེལ་དང་བཅས་པ། ཐུབ་པའི་དགོངས་པ་གསལ་བ། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ། དབུ་མ་རྩ་བ་ཤེས་རབ་ལ་སོགས་པའི་དབུ་མའི་གཞུང་ལུགས་ཅི་རིགས་པ་དང་བཅས་པ་གསན་ཏེ། ཚིག་དོན་ཆ་ལ་སྒྲོ་འདོགས་མཐའ་དག་ཆོད་ཅིང་ཐུགས་སུ་ཆུད་པར་མཛད་པ་ཡིན་ནོ། །གཞན་ཡང་ཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད། གསུང་ངག་རིན་པོ་ཆེ་སྨིན་གྲོལ་གྱི་ལམ་ཆ་ཚང་བ། རྒྱབ་ཆོས་སུ་པོད་ནག་མ་ཚང་མའི་ལུང༌། ལམ་སྐོར་ཕྱི་མ་བརྒྱད། ལམ་ཟབ་མོ་བླ་མའི་