[A:༦༩]རྣལ་འབྱོར་གྱི་བྱིན་རླབས། རྣལ་འབྱོར་དབང་ཕྱུག་གི་བྱིན་རླབས་སྲུང་བ་དང་བཅས་པ། དཔལ་དུས་ཀྱི་འཁོར་ལོའི་ཆོ་ག་དབང་གོང་མ་སྔོན་དུ་འགྲོ་བའི་སྦྱོར་བ་ཡན་ལག་དྲུག་པའི་འཁྲིད། གསང་བ་འདུས་པ་འཕགས་ལུགས་ཀྱི་ལྷ་སུམ་ཅུ་རྩ་གཉིས་ཀྱི་དབང་བསྐུར་བ། རིམ་ལྔ་དམར་ཁྲིད་དང་བཅས་པ། གཞན་ཡང་གཤིན་རྗེ་གཤེད་དམར་པོ་ལྷ་ལྔ། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ། ཚེ་དཔག་མེད་བུ་ལུགས་ལ་སོགས་པའི་དབང་གི་རིགས་དུ་མ། དམ་པ་སངས་རྒྱས་ཀྱི་བཀའ་འབུམ་ལ་སོགས་པའི་ལུང་གི་རིགས་དུ་མ་སྟེ། མདོར་ན་རྒྱུད་སྡེ་བཞི་དང་རྗེས་སུ་འབྲེལ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསན་པར་མཛད་པ་ཡིན་ནོ། །དེའི་ཚེ་དཔལ་ལྡན་ས་སྐྱ་ནས་བདག་ཆེན་ཀུན་དགའ་དབང་ཕྱུག་པས་རྗེ་ཉིད་གཞི་ཐོག་གི་གདན་སར་འབྱོན་དགོས་པའི་ཞལ་ཏ་ཕེབས། འཇམ་དབྱངས་དཀོན་ཅོག་བཟང་པོ་དང་རྒྱལ་རྩེ་བས་ཀྱང་སྐོར་ཡང་མཐུན་སྦྱོར་ཡང་དག་མཛད་དེ་དགུང་ལོ་བཅུ་བཞི་པ་དབང་ཕྱུག་ཅེས་བྱ་བ་མེ་མོ་གླང་ལོ་ལ་ཡབ་རྗེ་བཙུན་འཇམ་དབྱངས་ཆེན་པོས་གཙོ་མཛད། བདག་ཆེན་གྲགས་པ་རྒྱལ་མཚན་པ་ཁམས་ནས་བྱོན་པ་དང་ལྷན་ཅིག་ཏུ་གདན་ས་ཆེན་པོར་རྗེ་བཙུན་ཀུན་དགའ་དབང་ཕྱུག་པའི་དྲུང་དུ་ཕྱག་ཕེབས་ཏེ་རབ་ཏུ་དགྱེས་པའི་བཀའ་ལུང་གི་ཆོས་ཀྱི་འཁོར་ལོ་སྒྱུར་བའི་རྒྱལ་ཚབ་དམ་པར་དབང་བསྐུར། རྗེ་བཙུན་དམ་པ་དེ་ཉིད་ཀྱི་དྲུང་དུ་དེའི་ཚེ་དཔལ་ཀྱེ་རྡོ་རྗེའི་བཀའ་བབས་ཆེན་པོ་བཞིའི་དབང་བསྐུར་བ་སོགས་གསན་ཅིང༌། གཞན་ཡང་སྔ་ཕྱིར་དུ་བདག་མེད་ལྷ་མོ་བཅོ་ལྔའི་དབང༌། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས།