[A:༧༠] རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས། རྗེ་བཙུན་མ་ཀུ་རུ་ཀུལླེའི་བྱིན་རླབས། དབང་སྡུད་འདོད་པའི་རྒྱལ་པོའི་རྗེས་གནང༌། དེ་ཉིད་དང་རྗེས་སུ་འབྲེལ་བའི་ཡི་གེ་ངོར་ལུགས་ལ་གྲགས་པ་ཆ་ཚང་གི་ལུང༌། ནག་པོ་ཆེན་པོ་ལྷ་བརྒྱད་ཀྱི་རྗེས་གནང༌། དམ་ཅན་པུ་ཏྲ་མིང་སྲིང་གི་རྗེས་གནང༌། དཔལ་མགོན་གདོང་བཞི་པའི་རྗེས་གནང༌། དེ་དག་དང་རྗེས་སུ་འབྲེལ་བའི་ཡི་གེའི་ལུང༌། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནས་བརྒྱུད་པ་ཆ་ཚང༌། བདག་ཆེན་ཀུན་རིན་པ་ནས་བརྒྱུད་པའི་ཐུན་མོང་མ་ཡིན་པའི་མན་ངག་འགའ་ཞིག་དང་བཅས་པ་གསན། རྗེ་བཙུན་དམ་པ་དེའི་གསུང་ལས་ཁྱོད་ཀྱི་གཞི་ཐོག་གི་གདན་ས་འདི་ལ་བཞུགས་ནས་སྒོ་གསུམ་ཆོས་དང་མཐུན་པ་དང༌། སྡེ་འདི་ལ་གང་ཕན་མཛད་དགོས་ཤིང༌། ཁྱད་པར་དུ་མུས་སུ་སེམས་དཔའ་ཆེན་པོའི་དྲུང་དུ་ཕེབས་ནས་ངོར་པ་ནས་བརྒྱུད་པའི་ལམ་འབྲས་སོགས་གསན་ཏེ་བསྟན་པ་ལ་ཕན་པ་རྒྱ་ཆེ་བ་ཞིག་མཛད་དགོས། དེ་བཞིན་མ་མཛད་ན་ངའི་བློ་ཁ་མི་རྫོགས་པ་ཡོད་དོ་གསུང་བ་སོགས་ལུགས་གཉིས་ཀྱི་སྒོ་ནས་ཐུགས་བརྩེ་བས་སྐྱོང་བར་མཛད་ཅིང༌། མདོར་ན་ཐུགས་ཀྱི་སྲས་གཅིག་པུར་གྱུར་པ་ཡིན། དགུང་ལོ་བཅོ་ལྔ་བཞེས་པ་འབྲུ་མང་པོ་ཞེས་བྱ་བ་ས་ཕོ་སྟག་གི་ལོ་རྗེ་བཙུན་རྡོ་རྗེ་འཆང་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོ་ཞེས་ཡོངས་སུ་གྲགས་པ་དེས། ཨེ་ཝཾ་གྱི་གདན་ས་འཕྲོད་ནས་མུས་ལ་ཕེབས་པའི་ལམ་ཞོར་གྲུབ་པ་མཆོག་གི་གནས་བར་སྡིངས་ཞེས་བྱ་བར་སྤྱན་དྲངས་ཏེ་མཁན་པོ་འདུལ་བ་འབུམ་སྡེའི་མངའ་བདག་ངུར་སྨྲིག་གི་རྒྱལ་མཚན་འཛིན་