[A:༧༡]པ་ཡོངས་ཀྱི་གཙུག་གི་ནོར་བུ་སེམས་དཔའ་ཆེན་པོ་དེ་ཉིད་དང༌། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ངུར་སྨྲིག་འཛིན་པའི་དཔལ་གྱི་རྣམ་པར་རོལ་པ་བདག་ཆེན་རྡོ་རྗེ་འཆང་ཆོས་ཀྱི་རྗེ་གཞི་ཐོག་པ་ཀུན་དགའ་དབང་ཕྱུག་པས་ལས་ཀྱི་སློབ་དཔོན། འདུལ་བ་འཛིན་པ་སངས་རྒྱས་དཔལ་གྲུབ་ཀྱིས་གྲིབ་ཚོད་པ། མཁན་ཆེན་ཀུན་བློ་བ་ལ་སོགས་པ་རྣམས་ཀྱིས་གྲོགས་དན་དང་ཁ་སྐོང་མཛད་ནས་སྨིན་དྲུག་ཟླ་བའི་ཚེས་བཅུའི་ཉི་མ་གུང་གི་ཆ་ལ་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་བཞེས་པ་མཛད་དོ། །དུས་དེ་ཉིད་ནས་བཟུང་སྟེ། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང༌། །མི་གཙང་སྤྱོད་རྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་འཕྲེང་སོགས་མལ་ཆེན་མཐོ་བ་དང༌། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤང༌། །ཞེས་གསུངས་པ་ལྟར། དགེ་ཚུལ་གྱི་བསླབ་པའི་གཞི་བཅུ་ཆར་གཏོགས་དང་བཅས་པ་ཐམས་ཅད་མིག་གི་འབྲས་བུ་ལྟར་གཅེས་པར་བསྲུང་བར་མཛད་དོ། །དགུང་ལོ་བཅུ་དྲུག་པ་མྱོས་ལྡན་ཞེས་བྱ་བ་ས་མོ་ཡོས་ཀྱི་ལོ་ལ་རྗེ་ཉིད་ཀྱི་ཐུགས་དགོངས་ལ་སྡེ་སྣོད་ཀྱི་ཕྱོགས་ལ་མཁས་གྲགས་ཐོན་པ་ཞིག་ཅིས་ཀྱང་མཛད་དགོངས་པ་ཞིག་ཤར་ནས་མཚན་ཉིད་ཀྱི་ཕྱོགས་ཀྱི་གཞུང་མང་དུ་གཟིགས་རྟོག་མཛད་པའི་ཚེ་རྗེ་བཙུན་ཀུན་དགའ་དབང་ཕྱུག་གི་ཞལ་ནས། དིང་སང་ཁྱེད་ལ་བར་ཆད་ཀྱི་ལྟས་ཅུང་ཟད་འདུག་པས་རེ་ཞིག་ལ་གཟིགས་རྟོག་འདི་འཐེན། སྐུ་མཚམས་དམ་པར་བསྡམས་ནས་ཀྱེ་རྡོ་རྗེའི་གཞི་བསྙེན་ཞིག་མཛད་པ་ཅིས་ཀྱང་འཐད་གསུང་པ་ལྟར། དེ་འཕྲལ་དཔོན་སློབ་གཉིས་ཀྱིས་གཟིམས་ཁང་དམར་མོ་ལ་བུག་སྒོ་མཛད། འཕྲལ་