[A:༧༣]ངག་མང་དུ་གསན། དགུང་ལོ་བཅུ་དགུ་བཞེས་པ་སྣ་ཚོགས་ཞེས་བྱ་བ་ཆུ་ཕོ་རྟའི་ལོ་ལ་རྗེ་བཙུན་ཀུན་དགའ་དབང་ཕྱུག་པ་ཞིང་གཞན་དུ་བདེ་བར་གཤེགས། དེ་མ་ཐག་རྗེ་ཉིད་ཀྱིས་དགེ་སྡིངས་ནས་ཕེབས་ཏེ། རྗེ་བཙུན་པའི་ཐུགས་དགོངས་རྫོགས་ཐབས་ཀྱང་བསམ་གྱིས་མི་ཁྱབ་པ་བསྒྲུབས་ཤིང་གདན་ས་ཆེན་པོའི་རྩིས་བཞེས་ཀྱང་ལེགས་པར་གནང༌། དེ་ལྟར་དགུང་ལོ་ཉི་ཤུ་པ་ཉི་མ་ཞེས་བྱ་བ་ཆུ་མོ་ལུག་གི་ལོའི་བར་གདན་ས་ཆེན་པོ། དགེ་སྡིངས། བར་སྡིངས་ལ་སོགས་པ་གང་དགྱེས་སུ་གསན་སྦྱོང་ཐུགས་དམ་སོགས་མདོར་ན་ཐོས་བསམ་སྒོམ་གསུམ་དུས་གཅིག་ཏུ་ཉམས་སུ་བཞེས་པར་མཛད་པ་ཡིན་ནོ། །འདི་ན་ཁྱིམ་གྱི་བདེ་ལ་ཆགས་པ་དག །དུག་སྦྲུལ་འཁྱིལ་བས་དཀྲིས་པའི་ཙནྡན་གྱི། །དྲི་ཡིས་བོས་པའི་ཕྱོགས་སླད་འགྲོན་པོ་བཞིན། །མ་ལུས་སྡུག་བསྔལ་རྩ་བར་རབ་གཟིགས་ནས། །ཟླ་དབང་ནག་པོའི་སྤྲིན་ལས་ཐོན་པ་ལྟར། །མི་བཟད་འཁོར་བའི་བྱ་བ་ཀུན་དོར་ཏེ། །རབ་ཡངས་པད་མཚོར་ངང་མོ་འཇུག་པ་བཞིན། །ཤཱཀྱའི་སྲས་ཀྱི་བརྟུལ་ཞུགས་འཛིན་པར་གྱུར། །མཁས་གྲུབ་བྱེ་བའི་རལ་པའི་ཅོད་པཎ་གྱི། །མྱུ་གུ་བཀྲམ་པ་དཔལ་ལྡན་ས་སྐྱའི་ཁྲིར། །དམ་པའི་གསུང་གིས་སྲས་བཅས་རྒྱལ་བ་ཡི། །ཆོས་ཀྱི་འཁོར་ལོས་སྒྱུར་བ་དབང་བསྐུར་ཐོབ། །དེ་ཚེ་ལི་ཁྲིའི་རླུང་གཞོན་གྱིས་རྩུབས་པའི། །བྱུ་རུའི་ནགས་ཚལ་ཅིག་ཅར་བསྐྱོད་པ་བཞིན། །ཕྱོགས་ཀུན་རྡུལ་དམར་གཡོ་བའི་མཁས་མང་གིས། །ཕྱག་འཚལ་གསེར་ལྡན་ངལ་བས་འདར་བ་སྙམ། །ཧེ་རུ་ཀཿ