[A:༧༤]དཔལ་ཏིང་འཛིན་སྤྲིན་རུམ་ལས། །རིགས་སྔགས་འབྲུག་སྒྲ་ཟབ་མོའི་གདངས་སྐད་ཀྱིས། །མངོན་སུམ་བྲོས་ཚེ་ཉམས་རྟོགས་བདུད་རྩིས་མྱོས། །བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་ཡིད་འཕྲོག་ཨུཏྤལའི་དོ་ཤལ་ཞེས་བྱ་བ་ལས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་དཔལ་ལྡན་ས་སྐྱའི་གདན་ཁྲིར་ཆོས་ཀྱི་འཁོར་ལོས་སྒྱུར་བར་མངའ་གསོལ་བའི་སྐབས་ཏེ་གསུམ་པའོ།། །།རྡོ་རྗེ་འཆང་དབང་དཀོན་མཆོག་རྒྱལ་མཚན་དཔལ། །སྲས་ཀྱི་ཐུ་བོར་བཅས་པའི་ཞབས་བསྟེན་ནས། །བསྙེན་པར་རྫོགས་ཤིང་གསུང་ངག་ལམ་འབྲས་སོགས། །ཟབ་དོན་མ་ལུས་གསན་ལ་ཕྱག་འཚལ་ལོ། །དེ་ནས་རྗེ་བཙུན་ཀུན་དགའ་དབང་ཕྱུག་པའི་ཞལ་ཆེམས་ལས་ཇི་ལྟར་བྱུང་བ་བཞིན་དགུང་ལོ་ཉེར་གཅིག་བཞེས་པ་ཉི་སྒྲོལ་ཞེས་བྱ་བ་ཤིང་ཕོ་སྤྲེའུའི་ལོ་ལ་མུས་ལ་ཕེབས་པར་བཞེད་པ་ན་མ་རུང་བ་འགའ་ཞིག་གིས་ཕྱོགས་ལྷུང་གི་དབང་གིས་བཞེད་དོན་ལ་བར་ཆད་བྱས་དོགས་པས། ཐོག་མར་སྐྱེད་ལྷས་སུ་སྐུ་མཚམས་ལ་ཕེབས་པའི་ཚུལ་མཛད། དེ་གོང་ནས་མཁས་པ་ཀུན་བློ་བ་བརྒྱུད་དེ་རྗེའི་དྲུང་དུ་སྙན་གསན་སྐོར་མཐའ་ཆོད་པ་ཕུལ་རྗེས། ལྷ་རྩེ་བ་དཔོན་བཙུན་དཀོན་ཅོག་བཟང་པོ་ཟེར་བ་ཞིག་གིས་རྒྱུས་ཡོད་ཀྱི་ལམ་སྣ་བྱས། པུ་ཏྲ་སྐྱབས་ལ་སོགས་ཕྱགས་ཕྱི་བ་ཉུང་ཤས་དང་བཅས་སྲོད་ལ་གསང་ཐབས་སུ་གདོང་དགའ་བར་ཞབས་ཐང་དུ་ཕེབས། དེ་ནས་མཚོ་བོར་ཕེབས། མཚོ་བོ་ནས་མུས་ཀྱི་བར་ལ་མཚོ་བོ་ནང་པ་བསོད་ནམས་དཔལ་འབྱོར་པས་ཆིབས་པ་དང་འཕྲལ་གྱི་སྐུ་ཆས་ལ་སོགས་ཕུལ། ཕུ་ཙེ་བས་ཀྱང་གསེར་དང་རས་ཡུག་ལ་སོགས་པ་ཕུལ་ཏེ།