R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༧༥
[A:༧༥] རིམ་བཞིན་བརྒྱུད་ནས་མུས་སུ་ཕྱགས་ཕེབས། རིགས་ཐམས་ཅད་ཀྱི་བདག་པོ། དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དཔལ་འཁོར་ལོ་སྡོམ་པ་ཉིད་ངུར་སྨྲིག་འཛིན་པའི་གར་གྱི་རྣམ་པར་རོལ་པ་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་གེགས་མེད་དུ་མཇལ། མཇལ་མ་ཐག་ནས་ཐུགས་ཀྱི་དད་པ་ཚད་མེད་འཁྲུངས་ཤིང༌། རྗེ་ཉིད་ཀྱིས་དགྱེས་ཚོར་དང་བཅས་པས་བསུ་བ་གསེང་སྤྲེངས་སོགས་བཀུར་སྟི་དཔག་ཏུ་མེད་པ་གནང༌། དེ་ནས་རྟེན་ནི་གསུམ་ལས་དགེ་སློང་མཆོག །འབྲིང་ནི་དགེ་ཚུལ་ཡིན་པར་འདོད། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་དང༌། དགེ་སློང་ཞེས་བྱ་ཆོས་ཀྱི་རྒྱལ་མཚན་ཏེ། །དགེ་སློང་ཞེས་བྱ་རྡོ་རྗེའི་སྲོག་ཤིང་ཡིན། །ཞེས་དང༌། ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་ཐོབ། ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཚུལ་ཁྲིམས་ཀྱིས་ནི་འགྲོ་བ་དམ་པ་མཐོང༌། །ཞེས་སོགས་མདོ་རྒྱུད་རྣམས་ལས་ལན་གཅིག་མ་ཡིན་པར་ཕན་ཡོན་དང་བསྔགས་པ་བརྗོད་པ་རྒྱ་ཆེར་གསུངས་པ་རྣམས་ཀྱིས་ཡིད་ཕྲོགས་ཏེ། ལོ་དེའི་ཐ་སྐར་ཟླ་བའི་ཚེས་བཅུའི་ཉི་མ་སྔ་དྲོའི་ཆར་སྐྱེས་བུ་གཅིག་དང༌། རྐང་པ་དྲུག་གི་དུས་སུ་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང༌། རྗེས་བཙུན་ས་སྐྱ་པ་ཀུན་དགའ་སྙིང་པོ་ལ་སོགས་པའི་བྱིན་གྱིས་བརླབས་ཤིང༌། མཁས་གྲུབ་དུ་མས་ཞབས་ཀྱིས་བཅགས་པའི་གནས་མཆོག་ཡ་མ་བདེ་ལྡན་ཆོས་རྫོང་གི་རི་ཁྲོད་དུ་མཁན་པོ་ཡོངས་རྫོགས་བསྟན་པའི་མངའ་བདག་རྗེ་སེམས་དཔའ་ཆེན་པོ་དེ་ཉིད་དང༌།