R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༧༦
[A:༧༦] ལས་ཀྱི་སློབ་དཔོན་འདུལ་བའི་གཞུང་ལུགས་རབ་འབྱམས་ཀྱིས་མགྲིན་པ་བརྒྱན་པས་མཁས་པའི་མཆོག་ཏུ་གྱུར་པ་ཞ་ལུ་བ་ཆོས་རྗེ་སངས་རྒྱས་དཔལ་བཟང་པོ། གསངས་ཏེ་སྟོན་པའི་སློབ་དཔོན་ཉེས་ལྟུང་གི་དྲི་མ་མཐའ་དག་དང་བྲལ་བའི་བཙུན་པའི་མཆོག་སླེ་ལུང་མཁན་པོ་དཀོན་ཅོག་བློ་གྲོས་པ། ཆོས་ཤེས་ནས་ཉམས་སུ་ལེན་པ་ལ་མཁས་པའི་དགེ་སློང་འདུལ་བ་འཛིན་པ་ཆེན་པོ་བློ་གྲོས་རིན་ཆེན་པས་གྲིབ་ཚོད་པ་མཛད་དེ། དད་པའི་དགེ་འདུན་འཁོར་འདུལ་བ་འཛིན་པ་བཅུ་གཉིས་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོ་མངོན་དུ་གྱུར་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པའི་སྒོ་ནས་ངུར་སྨྲིག་རྒྱལ་མཚན་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་གྱུར་ཏོ། །དེའི་ཚེ་མདོ་སྡེ་དྲན་པ་ཉེར་གཞག་ལས། ཇི་ལྟར་གསུངས་པ་ལྟར་བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱི་ལྷ་རྫས་ཀྱི་མེ་ཏོག་གི་ཆར་འབེབས། སངས་རྒྱས་ཀྱི་བསྟན་པ་དང་དཀར་པོའི་ལྷའི་ཕྱོགས་ནི་ཡར་ངོའི་ཟླ་དབང་ལྟར་གོང་འཕེལ་དུ་གྱུར་ཏོ། །ལྷ་མ་ཡིན་དང་ནག་པོའི་ཕྱོགས་རྣམས་ནི་སྒྲ་གཅན་གྱི་ཁར་ལྷུང་བའི་རྒྱུ་སྐར་བདག་པོ་བཞིན་དུ་མི་གསལ་ཞིང་འགྲིབ་པར་གྱུར། སྙན་པའི་གྲགས་པས་ས་སྟེང་ཐམས་ཅད་ཁྱབ་ཅིང་སའི་ལྷ་རྣམས་ཀྱིས་རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ལ་བསྒྲགས། དེ་དག་གིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང༌། དེ་ནས་འོག་མིན་གྱི་བར་དུ་ཆེས་ཆེར་བསྒྲགས་པར་གྱུར་ཏོ། །དུས་དེ་ཉིད་ནས་བཟུང་སྟེ་ལྟུང་བ་སྡེ་ལྔ་ཆར་གཏོགས་དང་བཅས་པའི་དྲི་མ་མཐའ་དག་དང་བྲལ་ཞིང༌། གཉེན་པོའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་