R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༨༤
[A:༨༤]གདུང་བརྒྱུད་སོགས་འབྱོན་བཞུད་ཉུང་བའི་སྟབས་ཀྱིས་མི་བདག་བདག་ཏུ་རེ་བའི་རློམ་སེམས་ཅན། ཡུལ་དེ་ནས་ཕ་ཚད་ཕྱིན་པ་ན་ཀར་ལུགས་ཕྱོགས་ཀྱི་སྒར་པ་དཔོན་སློབ་ཚན་ཅིག་ཡོད་འདུག་པ་རྣམས་ཀྱིས། རྗེ་ཉིད་དེར་ཕེབས་པ་ལ་ཕྲག་དོག་གིས་ཀུན་ནས་བསླང་བའི་སྐུར་ཞུས་སོགས་མི་དད་པའི་རྣམ་འགྱུར་མང་པོ་བྱས་པས་གྲྭ་པ་རྣམས་ཀྱིས་མ་བཟོད་དེ། ས་སྐྱ་པ་མཐུའི་བདག་པོ་ཡིན་ཟེར་བས་ད་ལན་བསྟན་པ་ལ་དགོངས་ནས་ཅིས་ཀྱང་འདི་རྣམས་ལ་མཐུའི་རྟགས་ཐོན་པ་ཞིག་མཛད་དགོས། དེ་བཞིན་མ་མཛད་ན་ཕྱིན་ཆད་ཕྱོགས་འདིར་ས་སྐྱ་པའི་སྒྲ་མི་གྲག་པ་ཞིག་ཡོང་ཞེས་ཡང་ཡང་ནན་ཏན་བསྐྱེད་དེ་ཞུས་པ་ལ་བརྟེན་ནས་ཁོང་རྣམས་ལ་ཞག་བདུན་གྱི་དུས་བཏབ་ནས། དཔོན་སློབ་བདུན་གྱིས་པུ་ཏྲ་ལ་བརྟེན་པའི་ལས་སྦྱོར་ཞིག་མཛད་པས། ཞག་གསུམ་སོང་བའི་ནུབ་མོ་སྒྲུབ་ཁང་དུ་འོད་འཁྱུགས་པ་དང༌། ཐོག་འཚེག་པ་དང༌། འབྲུབ་ཁུང་དུ་ལིངྒ་སྐད་ངན་འདོན་པ་སོགས་ནང་རྟགས་ཀྱི་ཆོ་འཕྲུལ་སྣ་ཚོགས་པ་བྱུང་ཞིང༌། དེའི་དུས་གཞན་ཕྱོགས་ཀརྨ་པའི་སྒར་དེའི་དཔོན་འོག་མ་བཀའ་གྲོས་པ་རྗེ་ཉིད་ལ་སྐུར་ཞུས་བྱེད་པའི་གཙོ་བོ་ཞིག་ཡོད་པ་དེ་རྒྱུ་མ་རུལ་ནས་ཉམ་ཐག་པའི་སྐད་འདོན་ཞིང་ཚེའི་དུས་བྱས། དེ་ལྟར་དྲག་པོའི་ལས་སྦྱོར་གྱི་རྟགས་མངོན་སུམ་དུ་མཐོང་བ་ལ་བརྟེན་ནས་སྒར་པ་གཞན་རྣམས་གར་འབྲོས་ཆ་མེད་དུ་གྱུར་ཅིང༌། རྗེ་དཔོན་སློབ་རྣམས་ལ་དགྲ་རྐུན་ལ་སོགས་པའི་འཇིགས་པ་མཐའ་དག་དང་བྲལ་ཞིང༌། སྙན་པའི་གྲགས་པས་ས་སྟེང་ཐམས་ཅད་ཁྱབ་པར་གྱུར། དེ་ནས་ལྡན་མ་དང་གླིང་གི་སར་རིམ་བཞིན་ཕེབས་ཏེ། དེ་དག་ན་གནས་པའི་