R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༨༧
[A:༨༧]སློབ་ལས་མ་བྱུང་ཟེར། ཀུན་ཧ་ལས་ཤིང་དད་པ་ཐུན་མོང་མ་ཡིན་པ་སྐྱེས་ནས་ཞབས་ཏོག་ཀྱང་ཕུན་སུམ་ཚོགས་པ་བསྒྲུབས། དེ་ལ་སོགས་པ་མཐུ་སྟོབས་ནུས་པ་བསམ་གྱིས་མི་ཁྱབ་པའི་སྙན་གྲགས་ཀྱིས་བོན་པོ་གདུག་ཅན་རྣམས་དང༌། གཞན་ཡང་གྲུབ་མཐའ་རིགས་མི་གཅིག་པའི་གང་ཟག་ཐམས་ཅད་ཀྱང་མཐོ་འཚམ་པའི་སྤྲོས་པ་ཆོད་ཅིང༌། ངོ་མཚར་བའི་གནས་སུ་འཛིན་པས་དཔལ་ལྡན་ས་སྐྱ་པའི་བསྟན་པ་ཕྱོགས་དེར་ནམ་ལངས་ཤིང་ཉི་མ་ཤར་བ་ལྟ་བུར་གྱུར། དེ་ནས་སྲེའི་ཉ་བྲག་དགོན་པར་ཕེབས་ཏེ། དེར་བཞུགས་ཀྱི་ཚོགས་པ་རྣམས་ལ་བླ་མ་གོང་མའི་བཀའ་འབུམ་གྱི་ལུང་ལ་སོགས་པ་གང་ལ་གང་འདོད་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བས་ཐམས་ཅད་མི་ཕྱེད་དད་པའི་དཔལ་ལ་བཀོད། མདོར་ན་ཁམས་ཀྱི་སྟོད་སྨད་བར་གསུམ་དུ་ལོ་གསུམ། ཡར་མར་ལོ་གཉིས་ཏེ་ཀུན་དྲིལ་བའི་ལོ་ལྔའི་བར་ལ་ཁམས་ཕྱོགས་ཀྱི་གདུལ་བྱ་རྣམས་ཀྱི་དོན་རྒྱ་ཆེན་པོར་གྲུབ་པར་མཛད་དོ། །རྒྱལ་དབང་རྒྱལ་བའི་འཕྲིན་ལས་བདག་པོ་སྟེ། །དད་ཅན་དད་པའི་ཤིང་རྟས་སྤྱན་དྲངས་ནས། །བོད་ཡུལ་བོད་ཆེན་ས་ཡི་སྨན་ལྗོངས་སུ། །སྐལ་བཟང་སྐལ་བར་འཚམ་པའི་ཆོས་འཁོར་བསྐོར། །དེ་ཚེ་ཕྲག་དོག་དུག་ཆུས་སྙིང་མྱོས་པའི། །སྐྱེ་ངན་རོ་འཛིན་བསྐྱོད་པའི་འཁྲུལ་འཁོར་ལས། །ལེགས་བྱས་དགེ་བའི་ལྗོན་ཤིང་ཀུན་བསྲེག་པའི། །མི་བཟད་དམྱལ་བའི་མེ་ལྕེ་ཆེར་འབར་བ། །ཁྱེད་ཀྱི་མཐུ་སྟོབས་བཀའ་ཡི་སྤྲིངས་ཡིག་གིས། །བདུན་ཕྲག་ཞག་གི་ཕ་མཐར་སོན་པ་ན། །སྡིག་ཅན་གཙོ་བོ་པུ་ཏྲ་ནག་པོས་བསྒྲལ། །ལྷག་མ་སེར་བས་བཏབ་པའི་བུང་