R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༨༨
[A:༨༨]བ་བཞིན། །དེ་ནས་དུག་དང་རལ་གྲིའི་འཕྲུལ་འཁོར་ལྟར། །རྣམ་པ་ཀུན་ཏུ་མི་དགེ་སྦྱིན་བྱེད་པའི། །ཆོས་མིན་སྨྲ་བའི་ཚིག་གི་འཁྲི་ཤིང་གིས། །གནམ་ལྕགས་རྒྱུན་མར་འབབ་པའི་ལམ་སྲང་དུ། །རབ་གུས་བཀུར་སྟིའི་ཟོལ་གྱིས་བཞུགས་ཡུལ་བསྟན། །དེ་ན་སྦྲུལ་ནག་ཐིབས་འདྲའི་སྤྲིན་གྱིས་ཕྱོགས་ཀུན་མུན་པའི་ཁུང་བུར་བྱས། །རབ་འཇིགས་གཤིན་རྗེའི་ལྕེ་ལྟར་མྱུལ་བའི་ཀློག་དམར་རེག་བྱས་བསྲེག་པ་སྙམ། །རི་གྲུམས་ཆུ་གཏེར་རལ་བ་ལྟ་བུའི་འབྲུག་སྒྲས་ཀླད་པའི་འབིགས་ལྟའི་ཚེ། །གདུག་ཅན་འབྱུང་པོ་སྦལ་ནག་ཁྲོས་པའི་གཟུགས་ཀྱིས་མངོན་སུམ་འོངས་པར་གྱུར། །དེ་ཚེ་ཁྱོད་ཀྱི་ཏིང་འཛིན་རྡོ་རྗེའི་གུར། །ཅུང་ཟད་ཙམ་ཡང་གཡོ་བར་མ་ནུས་ཤིང༌། །སྟོབས་ཆེན་འབྱུང་པོ་རྡོ་རྗེའི་ཞིང་དུ་བསྒྲལ། །འཇིགས་རུང་ཆོ་འཕྲུལ་རྨི་ལམ་ཇི་བཞིན་ཡལ། །ཟླ་དབང་སྒྲ་གཅན་སྤྲིན་ལས་གྲོལ་བ་ལྟར། །ནག་ཕྱོགས་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ། །སྙན་གྲགས་ཟླ་བ་དཀར་པོའི་ཨུཏྤལ་གྱིས། །ཡིད་ལྡན་རྣ་བའི་དགེ་ཚལ་མཛེས་པར་བྱས། །བརྒལ་བར་དཀའ་བའི་ཆུ་ཀླུང་ཆེན་པོ་ཡང༌། །གནམ་ལྕགས་བབ་འདྲའི་གཏོར་ཆེན་གྱིས་བསྣུན་པའི། །དེ་མ་ཐག་ཏུ་རྫིང་བུའི་རྒྱུན་བཞིན་གྱུར། །སྐྱེ་བོ་ཀུན་གྱི་ངོ་མཚར་གཏམ་དུ་གླེང༌། །བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ་ཞེས་བྱ་བ་ལས་བོད་ཆེན་པོའི་རྒྱལ་ཁམས་སུ་བྱོན་ཏེ། བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པའི་སྐབས་ཏེ་ལྔ་པའོ།། །།ཡོངས་འཛིན་མཁས་གྲུབ་དབང་པོ་དུ་མ་ལས། །ཟབ་ཅིང་རྒྱ་ཆེའི་དམ་ཆོས་ཀུན་ནོད་དེ། །དབེན་པའི་རི་ཁྲོད་བས་མཐའི་སྨན་ལྗོངས་སུ། །སྒྲུབ་པ་སྙིང་པོར་མཛད་ལ་ཕྱག་འཚལ་ལོ། །དེ་ནས་ཁམས་ཕྱོགས་སུ་དད་ལྡན་གྱི་སློབ་མ་རྣམས་ཀྱིས་ཕུལ་བའི་གསེར། གཡུ། དཔྱད་དངོས། ཇ་གོས་དར། རྟ་དྲེའུ། མཛོ་ཕོ་མོ་ལ་སོགས་