[A:༩༢]བརྒྱ་ཕྲག་ཏུ་སྦྲེལ་བའི་དཀར་མེའི་ཕྲེང་བ་སོགས་མཆོད་པའི་སྤྲིན་ཕུང་བཟང་ཞིང་གྱ་ནོམ་པ་འབུལ་བར་མཛད་དོ། །དེ་ལྟར་ན། ཚུལ་གནས་ཐོས་དང་བསམ་ལྡན་པ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་དང༌། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །དེ་དང་བསམ་པ་གཉིས་པོ་ཡོད་གྱུར་ན། །དེ་ལས་སྒོམ་པ་ཡང་ནི་འབྱུང་བར་འགྱུར། །དེ་ལས་དངོས་གྲུབ་བླ་ན་མེད་པར་ཐོབ། །ཅེས་དང༌། གལ་ཏེ་མ་ཐོས་པ་ཙམ་གྱིས་དོན་མཐོང་གྱུར་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་ཐོས་པ་ཡང་སྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་འགྱུར། །ཅེས་སོགས་གསུང་པ་ལྟར། དགེ་སློང་རྡོ་རྗེ་འཛིན་པའི་བརྟུལ་ཞུགས་ལ་གནས་པའི་སྒོ་ནས་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་རྣམ་པར་དག་པ་ལ་ཉེས་ལྟུང་གི་དྲི་མ་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་པས་གཞི་བཟུང་ནས་སྔར་སྨོས་པའི་ཡོངས་འཛིན་དེ་དག་དང༌། ཁམས་སུ་བྱ་བྲལ་བ་བླ་མ་ཞིག་ལ་འཇིགས་བྱེད་རྭ་ལུགས་ཀྱི་ཡིག་ཆུང་ཟབ་མོ་རྣམས་ཀྱི་ལུང་གསན་པ་ལྟ་བུའི་གསང་བའི་བླ་མ་འགའ་དང་བཅས་པ་ལས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་མཐའ་ཡས་པ་དང༌། བྱེ་བྲག་ཏུ་ཡང་གསང་བ་ལས་ཀྱང་ཆེས་གསང་བའི་སྙན་བརྒྱུད་ཟབ་མོའི་གདམས་པ་ཇི་སྙེད་ཅིག་གསན་པར་མཛད་ཅིང༌། དེ་དག་ཀྱང་གསན་པ་ཙམ་དུ་མ་ཟད་ཚིག་དོན་གྱི་ཆ་ལ་སྒྲོ་འདོགས་མཐའ་དག་ལེགས་པར་ཆོད་ནས་རྩེ་གཅིག་ཏུ་ཉམས་སུ་ལེན་པར་མཛད་པ་ཡིན་ཏེ། དེ་ཡང་དགུང་ལོ་སུམ་ཅུ་པ་རྣམ་རྒྱལ་ཞེས་བྱ་བ་ཆུ་མོ་སྦྲུལ་གྱི་ལོ་ནས་བཟུང་སྟེ། སྒྱུར་བྱེད་ཅེས་བྱ་བ་ས་མོ་ཕག་གི་ལོའི་བར་ལོ་བདུན་ཙམ་གྱི་རིང་ལ་གོང་དུ་བརྗོད་པའི་ཚུལ་གྱིས་ཆོས་ལྡན་གྱི་དགོས་པ་གལ་ཆེ་བ་རེ་རེ་ཙམ་མ་གཏོགས་ཕལ་ཆེར་སྐྱེད་ལྷས།