[A:༩༣] བྱ་འགྱུར། གདན་ས་ཆེན་པོ་རྣམས་སུ་སྐུ་མཚམས་ཁོ་ན་ལ་བཞུགས་ནས། རིམ་གཉིས་ཟབ་མོའི་ཏིང་ངེ་འཛིན་གྱི་ཉམས་བཞེས་དང༌། རིག་སྔགས་ཟབ་མོའི་བསྙེན་སྒྲུབ་སོགས་ལ་རྩེ་གཅིག་ཏུ་བརྩོན་པར་མཛད་པ་ཡིན་ནོ། །དུས་རྒྱུན་དུ་ཉིན་ཞག་རེའི་ནང་གི་ཉམས་བཞེས་ཀྱི་རིམ་པའང་དཔལ་ལྡན་ས་སྐྱ་པའི་ཉམས་བཞེས་ཀྱི་སྙིང་པོ་ལམ་ཟབ་མོ་བླ་མའི་རྣལ་འབྱོར། དཔལ་ཀྱེ་རྡོ་རྗེའི་ཕྱི་ནང་གི་བསྐྱེད་པའི་རིམ་པ་ལམ་དུས་ཀྱི་དབང་བླང་བ་དང་བཅས་པ་བཟླས་བརྗོད་ཀྱི་མཐའ་བརྒྱན་པ། རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བསྐྱེད་རྫོགས་རྣལ་འབྱོར་དང་བཅས་པ། རྣལ་འབྱོར་དབང་ཕྱུག་གི་སྒྲུབ་ཐབས་ཐུན་མོང་དང་ཐུན་མོང་མ་ཡིན་པ་བསྲུང་བ་དང་བཅས་པ་སྟེ་ཆག་མེད་བཞི་རུ་གྲགས་པ་རྣམས་དང༌། མ་རྒྱུད་འཁོར་ལོ་བདེ་མཆོག་ལོ་ནག་དྲིལ་གསུམ་གྱི་བསྐྱེད་རྫོགས་རྣལ་འབྱོར་དང་བཟླས་པ་དང་བཅས་པ། ཕ་རྒྱུད་ཀྱི་ཉམས་བཞེས་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་བསྐྱེད་རིམ། རྫོགས་རིམ་ཤིན་ཏུ་སྤྲོས་མེད་ཀྱི་རྣལ་འབྱོར་དང་བཅས་པ། དཔལ་རྡོ་རྗེ་འཇིག་བྱེད་ཀྱི་བསྐྱེད་རིམ་བཟླས་པ་དང་བཅས་པ་རྣམས། ཐུན་བཞིའམ་གཉིས་ཀྱི་རྣལ་འབྱོར་གང་རིགས་ཐུགས་སྐབས་དང་སྦྱར་ཏེ་མཛད། གཞན་ཡང་ཚེ་དཔག་མེད་ལ་སོགས་པའི་ལྷའི་རྣལ་འབྱོར་དུ་མ་དང༌། མདུན་བསྐྱེད་ཀྱི་མཎྜལ་སྒྲུབ་མཆོག་སྔོན་དུ་འགྲོ་བའི་སྒོ་ནས་བསྟན་སྲུང་དབང་པོ་རྣམས་ཀྱི་བསྙེན་སྒྲུབ་མཆོད་གཏོར། བསྐང་གསོའི་རིམ་པ་དང་བཅས་པ་འཆག་མེད་དུ་མཛད། ཐུན་འཚམས་རྣམས་སུའང་བཟླས་པ། གཏོར་མ། གསུང་རབ་ཀློག་པ། སཱཙྪ་འདེབས་པ། སྐོར་བ་མཛད་པ། སྣོད་