R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༩༤
[A:༩༤]ལྡན་གྱི་སློབ་མ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་མདོར་ན་ཆོས་སྤྱོད་རྣམ་པ་བཅུའི་ཉམས་ལེན་གྱིས་དུས་འདའ་ཞིང༌། དེ་ཐམས་ཅད་ཀྱང་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ཉམས་བཞེས་དང་མ་བྲལ་བའི་ངང་ནས་རྣལ་འབྱོར་རྣམ་པ་བཅུའི་ལམ་དུ་བསྒྱུར་བར་མཛད་པ་ཡིན་ནོ། །དེ་ལྟར་སུ་དག་ནགས་ཁྲོད་དབེན་པར་དགའ་བ་ཡི། །དགེ་སྦྱོང་དེ་ནི་ཤིན་ཏུ་བདེ་བ་མྱོང༌། །ཞེས་དང༌། ཚུལ་ཁྲིམས་ཡོངས་སུ་དག་པར་རབ་གནས་ཏེ། །བསམ་གཏན་བསམ་མི་ཁྱབ་ལ་རྟག་གནས་ཤིང༌། །སུ་དག་ནགས་ཁྲོད་ཞི་བར་དགའ་བ་ནི། །དེ་དག་ནམ་ཡང་ཡིད་གཉིས་འོང་མི་འགྱུར། །ཅེས་གསུངས་པ་ལྟར། དབེན་པའི་རི་ཁྲོད་རྣམས་སུ་ཐ་མལ་གྱི་སྤྱོད་པ་ལྟ་ཅི་སྨོས། གཉིད་དང་ལེ་ལོ་ལ་སོགས་པའི་བཏང་སྙོམས་ཀྱི་ངང་དུའང་ཅུང་ཟད་ཙམ་ཡང་མི་གནས་པར་རྩེ་གཅིག་ཏུ་ཉམས་སུ་ལེན་པ་ལ་བརྩོན་པར་མཛད་པའི་མཐུས། སོ་སོར་ཐར་པའི་ཉམས་ལེན་གྱི་གཙོ་བོ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཐུགས་རྒྱུད་ལ་འཁྲུངས་པའི་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་མེ་འོབས་ལྟ་བུར་བདེ་བའི་སྐབས་མེད་པ་དང༌། མི་རྟག་ཅིང་གཡོ་བའི་རང་བཞིན་ངེས་པ་མེད་པ་རྨི་ལམ་གྱི་སྣང་བ་ལྟར་གཟིགས་པས། འཇིག་རྟེན་ཆོས་བརྒྱད་ཀྱི་རྟོགས་པ་མཐའ་དག་མཁའ་ལ་སྤྲིན་དེངས་པ་ལྟར་སོང་ཞིང༌། དེའི་སྟོབས་ཀྱིས། བུང་བས་མེ་ཏོག་སྦྲང་རྩི་བཞིན། །ཆོས་ཀྱི་དོན་ཙམ་བླངས་ནས་ནི། །ཀུན་ལ་སྔོན་ཆད་མ་མཐོང་ཞིང༌། །འདྲིས་པ་མེད་པར་འདུག་པར་བྱ། །ཞེས་དང༌། ཕྲད་ན་དགའ་བས་མགུ་བྱས་ཏེ། །འདྲིས་ཆེན་ཉིད་དུ་མི་འགྱུར་བས། །ཐ་མལ་པ་ཙམ་ངེས་པར་བྱ། །ཞེས་གསུངས་པ་ལྟར། འཇིག་རྟེན་སྡེ་དཔོན་ལ་སོགས་པ་གང་ལ་ཡང་