R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༩༥
[A:༩༥]མཐུན་འཇུག་དང༌། ངོ་བསྲུང་ལ་སོགས་གཏན་ནས་མི་མཛད། ཚུར་ཞབས་ཀྱི་པདྨོར་འདུད་ཅིང་གུས་པས་མཆོད་པ་ན་ཆོས་ཀྱི་བཀའ་དྲིན་ཅི་རིགས་པ་བསྩལ་ནས། སླར་ཡང་ངང་པ་པདྨའི་ཚལ་དུ་འཇུག་པ་ལྟར། །ཐུགས་དམ་དང་སྐུ་མཚམས་ཀྱི་རིམ་པ་ངེས་པ་ཅན་ལ་རང་དབང་དུ་འཇུག་པར་མཛད་པ་ལས་སུས་ཀྱང་ཅུང་ཟད་གཡོ་བར་མི་ནུས་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཐུགས་རྒྱུད་ལ་ལེགས་པར་འཁྲུངས་པའི་རྟགས་མགོན་མེད་ཅིང་འཕོངས་པ་ནད་སྡུག་བསྔལ་ལ་སོགས་པས་གཟིར་བའི་ཉམ་ཐག་པ་རྣམས་གཟིགས་པ་ན། དེ་དག་ལ་ཉེ་བར་མཁོ་བའི་ཟས་དང༌། གོས་དང༌། སྨན་ལ་སོགས་པ་ཕྱག་ནས་བདར་དེ་གནང་བར་མཛད་ཅིང༌། རྗེ་རང་གིས་དེ་དག་གི་ནད་གཡོག་དང་དབུགས་དབྱུང་བ་ལ་སོགས་པ་མཛད་པས། ནད་ལ་སོགས་པ་དེ་འཕྲལ་དུ་གྲོལ་བར་འགྱུར་བ་ཕལ་ཆེར་ལ་ཡོང་བར་སྣང་སྟེ། དཔེར་ན་སྒོམ་སྡེའི་བླ་མ་ངག་དབང་གྲགས་པ་ཞེས་བྱ་བ་འཕན་ཡུལ་གྲོ་སར་གསུང་ངག་གནང་བའི་དུས་ནད་དྲག་པོ་ཞིག་གིས་བཏབ་པ་ལ་འཚོ་བྱེད་མཁས་པར་བྱས་པ་སུས་ཀྱང་མ་ཕན་ཞིང༌།མོ་རྩིས་སོགས་ཐམས་ཅད་ཀྱིས་འཆི་བར་ཐག་བཅད་པའི་ཚེ་རྗེ་ཉིད་ཀྱིས་གཟིགས་ཤིང་སྨན་ཐུན་གཅིག་གནང་བས་དེ་མ་ཐག་ནད་ལས་གྲོལ་བ་ལྟ་བུའོ། །དེ་བཞིན་དུ་གཞན་དག་ལ་ཡང༌། སྨན་དང་སྨན་པ་ཉིད་དག་དང༌། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཅེས་གསུངས་པ་ལྟར། བསོད་ནམས་ཆེན་པོ་ཐོབ་པས་ནད་གཡོག་ལེགས་པར་བྱེད་དགོས་པ་ཡིན་ཞེས་ཆེད་དུ་བཀའ་སྩལ་བར་མཛད། དེ་མཐུན་སྙོམ་ཆུང་