[A:༩༦]ཆོས་དོན་དུ་གཉེར་བ་ཞུམ་ཞིང་ཉམ་དམའ་བ་དག་བྱུང་ན་སྐུ་མཚམས་འོག་ཏུ་ཡང་འཇལ་ཀ་ཐོགས་མེད་དུ་གནང་ཞིང༌། མཇལ་མ་ཐག་ནས་དགྱེས་ཚོར་ཆེན་པོ་དང་བཅས་ཏེ་ལུགས་གཉིས་ཀྱི་སྒོ་ནས་དེའི་སེམས་བསྲུང་བ་ལ་བརྩོན་པར་མཛད་པར་ཡིན་ནོ། །རིག་འཛིན་སྔགས་ཀྱི་སྡོམ་པའི་ཉམས་ལེན་མཐར་ཕྱིན་པའི་རྟགས། ཕྱི་ནང་སྣོད་བཅུད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་གི་རྣམ་པར་ཐོགས་མེད་དུ་འཆར་ཞིང༌། དེ་དག་ཀྱང་གསལ་སྟོང་དང༌། བདེ་སྟོང་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཀྱི་ངང་དུ་ཉམས་སུ་མྱོང་ཞིང་རོལ་པར་མཛད་པ་ཡིན་ལ། སྐལ་ལྡན་གྱི་སློབ་མ་དག་ལའང་དང་པོར་ཏིང་ངེ་འཛིན་སྐྱེ་བའི་རྒྱུའི་གཙོ་བོ་ལུས་གནད་འདི་བཞིན་དུ་བྱ་ཞིང་བསྒོམ། དེ་ལྟར་བྱས་པས་སེམས་ལ་རྟོག་པ་འདི་ལྟར་དུ་འཆར། དེ་ལ་བོགས་འདོན་ན་འདི་ལྟར་དུ་བྱ། གེགས་ཀྱི་རྣམ་པ་འདི་ལྟ་བུ་བྱུང་ན་གེགས་སེལ་གྱི་དམིགས་པ་འདི་ལྟ་བུ་ཉམས་སུ་ལེན་གསུང་བ་ལ་སོགས་པ་འཁྲུལ་མེད་ཀྱི་གདམས་པ་ཟབ་མོའི་སྒོ་ནས་ཕྱོགས་གཞན་དུ་མི་འཁྱམས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཁོ་ན་ལ་སྦྱོར་བ་མཛད་པ་ཡིན་ནོ། །གཞན་ཡང་གང་ཟག་འགའ་ཞིག་ལ་དམ་པ་འདིའི་ཆོས་ཀྱི་གྲྭར་སླེབ་པ་དང༌། ཞལ་མཐོང་བ་དང༌། གསུང་ཐོས་པ་ཙམ་གྱིས་ཏིང་ངེ་འཛིན་ཁྱད་པར་ཅན་ངང་གིས་སྐྱེས་པ་དང༌། དབང་གི་དུས་སུ་ཡེ་ཤེས་ཐོག་བབས་སུ་བབས་ཏེ་ལུས་འཕར་གཡོ་དང་ངག་སཾ་སྐྲྀ་ཏའི་སྐད་དུ་སྨྲ་བ་དང༌། སེམས་ལ་སྤྲོས་བྲལ་གྱི་ཡེ་ཤེས་སུ་འཆར་བ་སོགས་ཕལ་ཆེར་ལ་འབྱུང་བར་སྣང་ཞིང༌། ཐུན་མོང་གིས་ལས་བཞི་སྒྲུབ་ཚུལ་གྱི་