[A:༤༠]བཅུད་ཀྱི་རྣམ་པ་ཐམས་ཅད་པ་འདོད་དགུར་བསྒྱུར་བའི་གཟུགས་ཀྱི་རྣམ་རོལ་དུ་མས་འགྲོ་བ་རྣམས་རང་རང་གི་སྐལ་བ་དང་འཚམ་པའི་སྤྱོད་པ་དང༌། གཏམ་གྱིས་མཚམས་སྦྱར་ཏེ་མཐར་ངེས་པར་ཟུང་འཇུག་རྡོ་རྗེ་འཛིན་པ་ཆེན་པོའི་སར་བཀྲི་བར་མཛད་པ་ཁོ་ན་ལས་མི་འདའ་བ་ཡིན་ལ། དེ་དག་གི་ནང་ནས་ཀྱང་ཆེས་ཆེར་རབ་མཆོག་ཕུལ་དུ་བྱུང་བ་གཙོ་བོའམ་དམ་པར་གྱུར་པ་ནི། ཐར་འདོད་རྣམས་ལ་མ་ནོར་བའི་ལམ་ཚུལ་བཞིན་དུ་འདོམས་པར་མཛད་པའི་བཤེས་གཉེན་དམ་པ། དེ་ལས་ཀྱང་ཟབ་མོའི་སྨིན་གྲོལ་གྱི་བཀའ་དྲིན་སྩོལ་བའི་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱི་གཟུགས་ཀྱི་རྣམ་པར་རོལ་པ་དག་ཡིན་ཏེ། བ་ཚ་ཅན་ཆུ་ཀླུང་གི་མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་འཛིན་ཏེ། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང༌། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་ལྟ་བུ་ཡི། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་གཟུང་དམིགས་ནས། །ཕལ་པའི་གཟུགས་སུ་གནས་པའོ། །ཞེས་དང༌། སློབ་དཔོན་སྟོན་པར་གྱུར་པ་ནི། །སངས་རྒྱས་རྣམས་ཀྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མ། །འདི་ཉིད་ཡིད་ལ་བསམ་པར་བྱ། །ཞེས་དང༌། གང་ཕྱིར་ཡེ་ཤེས་རྡོ་རྗེ་ནི། །བརྙེས་པས་མྱུར་དུ་ཐོབ་པར་འགྱུར། །དེ་ཕྱིར་སློབ་དཔོན་དྲུང་གཤེགས་ཏེ། །དེ་བཞིན་གཤེགས་རྣམས་ཕྱག་འཛད་དོ། །ཞེས་སོགས་ཀྱིས་མཚོན་པའི་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་ཇི་སྙེད་པ་ལས་ལན་ཅིག་མ་ཡིན་པར་ནན་དུ་བཀའ་སྩལ་པ་དག་གིས་ལེགས་པར་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་རྡོ་རྗེ་སློབ་དཔོན་དག་གི་ཡོན་