R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༤༡
[A:༤༡]ཏན་རྟོགས་པ་བརྗོད་པའང་དོན་དང་ལྡན་ཅིང་གླེང་བར་བྱ་བའི་འོས་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱི་མདོ་ལས། འདི་ལྟར་འཇིག་རྟེན་ན་རིགས་ཐམས་ཅད་ཀྱི་བླ་མར་གྱུར་པ་ཤཱཀྱ་རྣམས་ཀྱི་སྐྱེས་པའི་རབས་བཟུང་ཞིང་ཀུན་ཆུབ་པར་བྱས་ནས་གཞན་ལ་ཡང་རྒྱ་ཆེར་བསྙད་ན་ཆོས་དང་མཐུན་པའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འབྱུང་ལ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཕེལ་བར་བྱེད་པ་ཡིན་ནོ། །ཞེས་གསུངས་པ་ལྟ་བུ་དང༌། རྒྱུད་ལས་ཀྱང༌། སློབ་དཔོན་ཡོན་ཏན་གླེང་བྱ་ཡིན། །སྐྱོན་རྣམས་ནམ་ཡང་མ་ཡིན་ནོ། །ཞེས་དང༌། སྐྱོན་བརྗོད་པས་ནི་དངོས་གྲུབ་མེད། །ཆུ་ལ་འོ་མ་རང་ཞུགས་པ། །དེ་བཏོན་ནས་ནི་ངང་པས་འཐུང༌། །དེ་ལྟར་བླ་མའི་ཡོན་ཏན་བཟུང༌། །ཏིལ་དང་གསེག་མ་བསྲེས་པ་ལས། །གསེག་མ་དག་ལ་བྲོ་མེད་དང༌། །ཏིལ་བསྡུས་ནས་ནི་ཁུ་བྱུག་ཟ། །དེ་ལྟར་བླ་མའི་ཡོན་ཏན་བཟུང༌། །དེ་ལྟར་ཁ་མཁན་མཁས་པ་ཡིས། །ཏིལ་སོགས་མར་ཁུ་འཇུར་བ་ཡིན། །བླ་མའི་ཡོན་ཏན་གཞུང་ལ་བཟུང༌། །སྐྱར་མོས་མཚོ་ལ་ཉ་ལེན་བཞིན། །བླ་མའི་ཡོན་ཏན་རྣམ་ཐར་བཟུང༌། །ཞེས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྙེན་བཀུར་བ་བས་ནི། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་ལ་ཏིལ་མར་གྱིས་བྱུགས་པའི་བསོད་ནམས་ཆེས་ཁྱད་པར་འཕགས་སོ། །ཞེས་དང༌། ལྷ་སྐུ་བྱེ་བ་སྟོང་བསྒོམས་པས། །བླ་མ་དྲན་པ་བསོད་ནམས་ཆེ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། རིམ་པ་ལྔ་པ་ལས། མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་པའི། ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཅེས་གསུངས་པ་ལྟར། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་བརྗོད་པ་བས། རྡོ་རྗེ་སློབ་དཔོན་གྱི་ཡོན་ཏན་ཆ་ཤས་ཙམ་བརྗོད་པའང་བསོད་ནམས་ཆེས་ཆེར་གྲུབ་པ་ཡིན་ནོ། །རབ་འབྱམས་རྒྱལ་