[A:༡༡༠]ཚིག་རྡོ་རྗེ་དང་བཅས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཟུངས་བཞུགས་རབ་གནས་ཀྱིས་བརྒྱན་ཅིང་མངའ་གསོལ་བ། ཞལ་རས་ལ་རྡུལ་སོགས་མི་ཆགས་པའི་མགོན་པོ་དངོས་དང་ཁྱད་པར་མ་མཆིས་པ་ཞིག་བཞེང་བར་མཛད། དེ་རྗེས་དཔལ་འཁོར་བདེ་ཆེན་གྱི་སློབ་དཔོན་རྣམ་པ་ཆེ་བགྲེས་གྲ་པ་དང་བཅས་པའི་སྐལ་ལྡན་བརྒྱ་ལྷག་ཙམ་ལ་གསུང་ངག་རིན་པོ་ཆེ་བཀའ་དྲིན་སྩལ་ཏེ། མདོར་ན་ཕྱོགས་དེར་དཔལ་ལྡན་ས་སྐྱ་པའི་བསྟན་པའི་རྒྱུན་དབྱར་གྱི་ཆུ་མཚོ་ལྟར་ཆེས་ཆེར་རྒྱས་པར་མཛད། སླར་ཡང་སྐྱེད་ལྷས་སུ་ཕེབས་ཏེ་སྐུ་མཚམས་ལ་བཞུགས་པའི་དུས་དགེ་བྱེད་ཅེས་བྱ་བ་ཆུ་ཕོ་སྟག་གི་ལོ་ཟླ་བ་དང་པོའི་ནང་དུ་ས་སྐྱ་ཤཱཀ་བཟང་དུ་མཚུངས་མེད་དཔལ་ལྡན་རྡོ་རྗེ་སྐུ་ཁམས་བསྙེལ་བ་ལ་བརྟེན། རྗེ་ཉིད་སྤྱན་འདྲེན་ཞུས་པས་དེ་མ་ཐག་ཏུ་སྐུ་མཚམས་བཀྲོལ་ནས་ཤཱཀ་བཟང་དུ་ཕེབས། སྐུ་རིམ་གསོལ་སྨན་སོགས་ཀྱི་འཕྲོད་བསྟེན་དང༌། ཐུགས་དམ་གྱི་གསལ་འདེབས་མཛད། ཆོས་རྗེ་པ་ཟླ་བ་དེའི་ཚེས་བཅུ་བདུན་གྱི་ཉིན་དག་པའི་ཞིང་དུ་གཤེགས། དེ་རྗེས་ཐུགས་དགོངས་རྫོགས་ཐབས་སོགས་རྗེ་ཉིད་ཀྱིས་བཀའ་ལུང་གིས་ཁྱབ་པར་མཛད། ལོ་དེའི་འཕྲོ་ལས་ས་སྐྱ་བླ་བྲང་ཤར་དུ་ཕེབས་ནས་ཁམས་གཙང་གི་གྲ་པ་ཆོས་དོན་དུ་གཉེར་བ་མང་དུ་འདུས་པ་རྣམས་ལ་གསུང་ངག་རིན་པོ་ཆེས་ཐོག་དྲངས་གསུང་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གནང་སྟེ་རྒྱུད་ཡོངས་སུ་ཚིམ་པར་མཛད། སླར་ཡང་སྐྱེད་ལྷས་སུ་ཕེབས་ནས་དམ་ཚིག་དང་ལྡན་པའི་སྐྱེ་བོ་རྣམས་ལ་ཐུགས་རྩེ་བས་ཉེ་བར་དགོངས་ཏེ། མཛེས་བྱེད་ཅེས་བྱ་བ་ཆུ་མོ་ཡོས་ཀྱི་ལོ་ལ་དམ་ཚིག་གི་རྫས་ཁྱད་པར་ཅན་བདུད་རྩི་རིལ་བུའི་